ཕ་ཡུལ་གྱི་རིམས་འགོག་ལས་དོན་ལ་བློ་སེམས་དཀར་བའི་རྟའུ་བ་ཞིག

དབྱངས་ཅན་གྱིས་བསྒྱུར།        2020-03-30

ཕ་ཡུལ་གྱི་རིམས་འགོག་ལས་དོན་ལ་བློ་སེམས་དཀར་བའི་རྟའུ་བ་ཞིག

ཕ་ཡུལ་གྱི་ཆེད་དུ་རང་བདེ་ཆུང་བ་བསྐྱུར་ནས་ལས་གནས་བརྟན་སྲུང་བྱས།

    ཇོ་བ་གྲོང་སྡེར་ཧྲུའུ་ཅི་དང་པོའི་འགན་བཞེས་པ་ནས་བཟུང་། བཀྲ་ཤིས་རྡོ་རྗེ་གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་སྒྲུབ་རུ་ཁག་དང་མཉམ་དུ་རང་འགུལ་ངང་གཟའ་མཇུག་དང་གུང་གསེང་དུས་སྐབས་བསྐྱུར་པས།ཁྱིམ་དུ་ཕྱིར་ལོག་སྟེ་ཨ་མ་ལྟ་སར་འགྲོ་བའི་དུས་སྐབས་ནི་ཧ་ཅང་དཀོན་པ་རེད། 2019ལོའི་ཟླ་བ11པར་ཇོ་བ་གྲོང་སྡེའི་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་བདེ་བླག་ངང་ཞིང་ཆེན་རིམ་པས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། གྲོང་སྡེའི་ལོ་མཇུག་གི་ལས་ཀ་སྣ་ཚོགས་མཇུག་བསྒྲིལ་བ་དང་ཆབས་ཅིག2020ལོ་ཡང་སར་ཞིང་ཁོང་གིས་ད་ང་རང་ཁྱིམ་དུ་ཕྱིར་ལོག་ནས་ཨ་མའི་དྲིན་ལན་ཅུང་ཟད་འཇལ་ཁོམ་ཡོད་འདུག་སྙམ་པ་རེད།

    བསམ་ཡུལ་ལས་འདས་པ་ཞིག་ནི་ཏོག་གསར་གློ་རིམས་གློ་བུར་དུ་བྱུང་བ་དང་།ཕ་ཡུལ་རྟའུ་རྫོང་གི་རིམས་ཚུལ་ཉེན་བརྡ་རིམ་པ་མཚོན་བྱེད་ཀྱང་རིམ་པ་འབྲིང་ཤོས་ནས་རིམ་པ་མཐོ་ཤོས་ཏེ་ཚོན་མདོག་སེར་པོ་ནས་ཚོན་མདོག་དམར་པོར་གྱུར་འདུག་པར་མཐོང་སྐབས།བཀྲ་ཤིས་རྡོ་རྗེའི་སེམས་པ་འཚུབ་ནས་མཛའ་ཞིང་བརྩེ་བའི་རྟའུ་ལ་སྔར་མེད་ཀྱི་ཆག་སྒོ་ཆེན་པོ་འཕྲད་བཞིན་ཡོད་པས།ཁོ་རང་གིས་མ་སྐུལ་དང་བླངས་ངང་ལས་ཁུངས་ཀྱི་འགོ་ཁྲིད་ལ་ལས་གནས་སུ་ཕྱིར་ལོག་ནས་རིམས་ནད་འགོག་འཐབ་བྱེད་སར་ཞུགས་དགོས་པའི་རེ་འདུན་ཞུས།འགོ་ཁྲིད་ཀྱིས་ཁོ་རང་དབུལ་ཐར་འགག་སྒྲོལ་གྱི་ལས་ཡུལ་དང་པོར་ཡུན་རིང་འབད་འཐབ་བྱས་ཟིན་པའི་རྐྱེན་གྱིས་དཔྱིད་གསར་དུས་ཆེན་གྱི་གསེར་ལས་དཀོན་པའི་གུང་སེང་ཉིན་འགའ་ལ་ཁྱིམ་མི་དང་མཉམ་དུ་སྡོད་ཅེས་ཁ་ཏ་བསླབ་བྱ་བྱས་པ་རེད།

སྤྱི་ཟླ2པའི་ཚེས4ཉིན།བཀྲ་ཤིས་རྡོ་རྗེས་ཡང་བསྐྱར་ཁ་པར་བརྒྱབ་ནས་ཁོ་རང་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས།ངེས་པར་དུ་གདོང་མཆོང་བྱས་ནས་རྩ་འཛུགས་ཀྱི་གསོ་སྐྱོང་དང་ཕ་ཡུལ་གྱི་དྲིན་ལན་འཇལ་རྒྱུའི་རེ་འདུན་ཞུས་པས་རྩ་འཛུགས་ཀྱིས་ཡིད་མཐུན་བྱུང་བ་རེད།

    གནམ་འོག་གི་ཕ་མ་ཐམས་ཅད་ཀྱི་སེམས་པ་ནམ་ཡང་བུ་རྒྱུད་ལ་འཁྲེན་བཞིན་པ་བདེན་ཏེ།བཀྲ་ཤིས་རྡོ་རྗེའི་ཨ་མས་བྲལ་མི་ཕོད་པ་ལྟར་ང་ཚོའི་ཁྱིམ་ཚང་ནི་གཞན་པ་དང་འདྲ་མི་འདུགཁྱོད་རང་ནི་ང་ཚོའི་ཁྱིམ་ཚང་གི་དཀྱིལ་ཀ་ལྟ་བུ་དེ་ཡིན།ཡིན་གཅིག་མིན་གཉིས་འགྲོ་དགོས་པ་རེད་དམ་ཞེས་ཡང་ཡང་བཤད་མོད།ཁོང་གིས་ད་ལྟ་རྒྱལ་ཁབ་ལ་དཀའ་སྡུག་དང་ཕ་ཡུལ་ལ་གནོད་འཚེ་ཐེབས་བཞིན་ཡོད་པས།མི་མཁོ་དགོས་ཆེ་བའི་དུས་སྐབས་དང་འཕྲད་ནས་ཡོད། ང་རང་ངེས་པར་དུ་འགྲོ་དགོས་པ་རེད་ཅེས་སེམས་ཐག་གཙང་བཅད་ཀྱིས་དེ་ལྟར་ལན་བརྒྱབ་པ་རེད།

    ལས་ཁུངས་སུ་འབྱོར་ཐོ་བཀོད་མ་ཐག་ཉིན་དེའི་མཚན་མོར་ཁོ་རང་བཅའ་སྡོད་བྱེད་སའི་གྲོང་སྡེར་ཕྱིན་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་དོན་སྒྲུབ་འགོ་ཚུགས་པ་རེད།ཁོང་གིས་གྲོང་སྡེར་བཅའ་སྡོད་བྱས་པའི་ལས་སྒྲུབ་རུ་ཁག་སྣེ་ཁྲིད་ནས་དུད་ཚང་རེ་རེ་བཞིན་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་དང་།གྲོང་མིའི་འགྲོ་སྡོད་བྱེད་ཚུལ་དང་བདེ་ཐང་གནས་ཚུལ་གཙང་བཤེར་མ་ལུས་པ་བྱེད་པ།འབྲོག་པའི་འཚོ་བའི་དངོས་རྫས་དང་རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་གྲ་སྒྲིག་བྱས་ཚུལ་རྒྱུས་ལོན་བྱེད་པ་སོགས་ནི་ཁོས་ཉིན་རེར་ཞོགས་སྔ་ལོངས་དང་དགོངས་ཕྱི་ཉལ་བྱས་ནས་སྒྲུབ་བཞིན་པའི་བྱ་བ་དག་ཡིན་པ་རེད།

གདོང་ལེན་གྱི་མིག་ལྟོས་པ་བྱས་ཏེ་རིམས་ཚུལ་འགོག་རྒོལ་གྱི་ལས་ཡུལ་མདུན་དུ་བསྐྱོད།

    སྤྱི་ཟླ2པའི་ཚེས10ཉིན་བཀྲ་ཤིས་རྡོ་རྗེ་གྲོང་སྡེར་ཕྱིན་པའི་ལམ་བར་དུ་ལས་ཁུངས་འགོ་ཁྲིད་ཀྱིས་ཁ་པར་བཏང་ནས་ཏང་ཡོན་གདོང་ལེན་རུ་ཁག་ཞིག་འཛུགས་བཞིན་ཡོད་ཅེས་པའི་སྐད་ཆ་ཐོས་མ་ཐགཁོ་རང་གིས་མིང་ཐོ་བཀོད་ནས་ཏང་ཡོན་གདོང་ལེན་རུ་ཁག་ནང་ཞུགས་པའི་ལས་འགན་ལྷུར་ལེན་བྱས་ཏེ་ང་རང་གང་ལ་མཁོ་དགོས་ཡོད་ན་དེར་ཕྱིན་པ་ཡིན་ཞེས་བཤད།དེ་ནས་ཁོ་རང་མྱུར་དུ་གསོ་རིག་གིས་ཟུར་བཀར་བརྟག་ཞིབ་་བྱེད་སར་ཕྱིན་ནས་རྒྱབ་ཕྱོགས་ཀྱི་འཚོ་དངོས་ཞབས་ཞུ་ལས་ཀ་སྤེལ་བ་དང་།ཡན་ལག་རུ་ཆུང་དང་མཉམ་དུ་ཟུར་བཀར་བྱེད་སར་བཟའ་བཅའ་སྐྱེལ་བ་དང་།གཙང་སྦྲ་དང་དུག་སེལ་བྱེད་པ་སོགས་རྒྱུན་ལྡན་གྱི་ལས་ཀ་ཡག་པོ་སྒྲུབ་གང་ཐུབ་བྱས་པ་རེད།

    ཟུར་བཀར་བྱེད་སར་མ་བུ་གཉིས་ཡོད་འདུག ཟུར་བཀར་ལྟ་ཞིབ་བྱེད་སྐབས་ཨ་མའི་ལུས་པོར་རིམས་ནད་ཀྱི་ནད་རྟགས་ཡོད་པས་ཁེར་རྐྱང་དུ་ཟུར་བཀར་བྱས་ཏེ་སྨན་བཅོས་བྱེད་དགོས་ཀྱི་ཡོད་པས།ལོ་ན4ལས་མེད་པའི་བུ་མོ་ཆུང་ཆུང་དེ་གཅིག་པུར་ཟུར་བཀར་སྡོད་ཁང་དུ་མི་འདུག་ཀ་མེད་རེད།བུ་མོས་རྒྱ་སྐད་མི་ཤེས་པའི་རྐྱེན་གྱིས་ཟུར་བཀར་བྱེད་སར་ཡུལ་སྐད་ཤེས་པའི་རོགས་པ་ཞིག་བཙལ་དགོས་སྟབས་བཀོད་འདོམས་པུའུ་ཡིས་བྲེལ་མྱུར་ངང་ཡུལ་སྐད་ཤེས་པའི་སྨན་བཅོས་མི་སྣ་བཙལ་བ་རེད།རྟའུ་རྫོང་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གནས་བབས་ཚབས་ཆེན་ཡིན་པར་དམིགས་ཏེ་ཆ་རྐྱེན་དང་མཐུན་པའི་མི་སྣ་དུས་ཐོག་ཏུ་འཚོལ་དཀའ་བ་རེད།བཀྲ་ཤིས་རྡོ་རྗེས་གནས་ཚུལ་དེ་ཐོས་མ་ཐག་ལས་འགན་ཁུར་མཁན་གྱི་བློ་མཐུན་བཙལ་ནས་ཁོ་རང་རོགས་བྱེད་སར་འགྲོ་ཆོག་པའི་རེ་འདུན་ཞུས།ཁོ་རང་གིས་རང་ཉིད་འགོག་སྲུང་བྱེད་ཐབས་ཡག་པོ་བྱས་རྗེས་མགྱོགས་མྱུར་ངང་ཕྲུ་གུ་ཟུར་བཀར་བྱེད་སའི་སྡོད་ཁང་དུ་ཕྱིན་ནས་ལྟ་སྲུང་བྱས་པ་རེད།སྔོན་ཆད་སློབ་གསོའི་ལས་དོན་སྒྲུབ་མྱོང་པའི་ཆ་ནས་ཁོང་གིས་རང་ཉིད་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བཏང་ནས།གཏམ་རྒྱུད་བཤད་པ་དང་། བྱིས་གླུ་ལེན་པ།རྩེད་འཇོ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ཕྲུ་གུར་སེམས་གསོ་བྱས་པར་བརྒྱུད་རིམ་བཞིན་ཕྲུ་གུའི་གདོང་ལ་འཛུམ་མདངས་མངོན་པ་རེད།བཀྲ་ཤིས་རྡོ་རྗེས་ཕྱི་དྲོའི་ཆུ་ཚོད3པ་ནས་མཚན་མོའི་ཆུ་ཚོད11བར་ལྟ་སྲུང་བྱེད་ཅིང་།ཆེད་ལས་སྨན་བཅོས་མི་སྣ་སླེབས་འོང་སྐབས་ཕྲུ་གུ་སྔ་ནས་གཉིད་ཁུག་ཟིན་པ་རེད།

    རིམས་ནད་ཀྱི་གནས་ཚུལ་འབྱུང་སྐབས་བཀྲ་ཤིས་རྡོ་རྗེ་དང་འདྲ་བའི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་ཚོས་གནས་ཚུལ་ཐོས་མ་ཐག་མ་སྐུལ་དང་བླངས་ངང་རིམས་འགོག་ལས་ཀའི་ནང་ཞུགས་རྒྱུའི་རེ་འདུན་ཞུས་ནས།འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་ཀྱི་དམག་འཐབ།འགོག་རྒོལ་དམག་འཐབ་ནང་ཧུར་ཐག་ཞུགས་པར་བརྟེན།ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་ཁུར་ནས་ལང་ཚོ་དང་དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་བཞག་པ་དང་།ཏང་གི་དར་དམར་རིམས་ཚུལ་འགོག་བཅོས་ཀྱི་ལས་ཡུལ་དུ་ལྷབ་ལྷུབ་གཡོ་རུ་བཅུག་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ཞིང་སྡེ་སྡོད་ཁང་ཉམས་གསོ་སྲ་བརྟན་ཐད་ཐབས་ལམ་གསར་པ་འབྱེད།
  • དོ་སྣང་ཆེ་བའི་རྩོམ།