ཏོག་གསར་གློ་ཚད་སྐབས་ཀྱི་སེམས་གསོ་མུན་སེལ་སྒྲོན་མེ།

བློ་གྲོས་ཕུན་ཚོགས།        2020-03-27

ཏོག་གསར་གློ་ཚད་སྐབས་ཀྱི་སེམས་གསོ་མུན་སེལ་སྒྲོན་མེ།

སེམས་ཁམས་རིག་པའི་དྲྭ་ཚོམས་སུ་བཞུགས་པའི་དྲྭ་གྲོགས་ཚང་མ་སྐུ་ཁམས་བཟང་།

གུས་པ་ནི་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་རྫོང་། རྫོང་སར་བོད་སྨན་ཁང་གི་སྨན་པ་བློ་གྲོས་ཕུན་ཚོགས་ཡིན།

ད་སྐབས་ཚོགས་མི་འགའ་ཡིས་དེང་སྐབས་ནད་ཡམས་སྐབས་སེམས་གསོ་ཡི་ཁ་བརྡ་ཞིག་བྱེད་དགོས་ཟེར་འདུག རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ནས་ཀྱང་དྲྭ་ལམ་ནས་སྒེར་འབྲེལ་ཐོག་མི་རྣམས་སེམས་འཚབ་སྐབས་སེམས་གསོ་གལ་ཆེ་བ་གསུང་འདུག། ངེད་སྨན་ཁང་ནང་བློ་གྲོས་བོད་སྨན་ཞིབ་འཇུག་ཁང་གི་ཚོགས་མི་ཁ་ཤས་དང་དེའི་སྐོར་གྲོས་བསྡུར་བྱས་པ་ཡིན། ཚང་མས་བོད་ལུགས་གསོ་རིག་ལ་ཐུན་མིན་སེམས་ཁམས་གསོ་ཐབས་ཡོད་པས་དེའི་སྐོར་ཁ་བརྡ་བྱས་ན་དགེ་མཚན་ཆེ་བ་ངོས་འཛིན་བྱེད་འདུག དེའི་ཕྱིར་དེ་རིང་ངས༼ ཏོག་དབྱིབས་ནད་དུག་གློ་རིམས་སྐབས་ཀྱི་སེམས་གསོ༽ ཞེས་པའི་བརྫོད་གཞིར་བྱས་ནས་བསམ་ཚུལ་ཐུང་ངུ་ཞིག་ཞུ་རྒྱུ་ཡིན།

དེང་སྐབས་རང་རྒྱལ་དུ་ཝུའུ་ཧན་གཙོས་ཞིང་ཆེན་མང་པོ་དང་། དེ་ལས་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ལ་ཁྱབ་བཞིན་པའི་རིམས་ནད་འབྱུང་སྐབས། རྒྱལ་ཁབ་ཀྱི་དབུ་འཛིན་རྣམས་ཀྱི་བཀོད་འདོམས་དང་ལམ་སྟོན་འོག། གོང་འོག་ཚང་མས་བློ་རྩེ་གཅིག་མཐུན་གྱིས་ནད་རིམས་སྔོན་འགོག་དང་། ནད་བཅོས་བྱས་པས་ནུས་པ་འབུར་དུ་ཐོན་པ་བྱུང་ཡོད།

འོན་ཀྱང་དེའི་སྐབས་ཀྱི་ནད་པ་དང་། དོགས་ཡོད་ལོགས་བཀར་བ།སྨན་པ་དང་སྨན་གཡོག། སྐབས་དེའི་ལས་སྒྲུབ་པ། ནད་ཡམས་བྱུང་བའི་ས་ཁུལ་གྱི་མི་དམངས། དེའི་གནས་ཚུལ་གོ་ཐོས་རིག་གསུམ་བྱུང་བའི་མི་ཚང་མ་སེམས་ཁམས་མ་བདེ་བ་ཆགས་ཡོད། སེམས་ཁམས་མ་བདེ་ན་ནད་མེད་ལ་སྙིང་ནད་སོགས་ནད་གསར་དུ་འབྱུང་བ་དང་། ནད་ཅན་ལ་ནད་ཇེ་སྡུག་ཏུ་འགྲོ་བའི་ཉེན་ཁ་ཡོད།ཁྱད་པར་རྒྱུད་བཞི་ལས་རིམས་སྲུང་སྐབས། ལྟོ་སྟོང་སེམས་ཞུམ་དུས་སུ་ནད་དྲི་བསྲུང་།།འགྲངས་ངོམས་སྲུང་བས་དཔའ་སྐྱེད་དེ་དུས་བལྟ།།ཞེས་ཟས་ཀྱིས་འགྲང་དགོས་པ་དང་སེམས་དཔའ་བསྐྱེད་དགོས་པར་གསུངས།དེའི་ཕྱིར་སེམས་གསོ་བྱེད་པ་ཤིན་ཏུ་གལ་ཆེ།

བོད་ཀྱི་གསོ་བ་པའི་གཞུང་ལུགས་ལ་ནད་ཡམས་འབྱུང་སྐབས། དེ་ལ་སྔོན་འགོག་བྱེད་ཐབས་དང་། ནད་དངོས་སུ་བཅོས་ཐབས་སྐོར་མི་ལོ་སྟོང་ཕྲག་འགའ་ཡི་ཉམས་མྱོང་སྐོར་མང་པོ་ཡོད་ཀྱང་སྐབས་འདིར་མི་བཤད། སྐབས་འདིར་བོད་ལུགས་གསོ་བ་རིག་པར་ལུས་ཁམས་གསོ་ཐབས་དང་སེམས་ཁམས་གསོ་ཐབས་རིགས་གཉིས་ཡོད་པ་ལས་སེམས་ཁམས་གསོ་བའི་ཐབས་བཤད་རྒྱུ་ཡིན།

དེའང་ལུས་ལ་ནད་བྱུང་སྐབས་སྨན་དཔྱད་ཟས་དཔྱད་ཀྱིས་བཅོས་དགོས་པ་བཞིན། སེམས་ཁམས་མ་བདེ་བ་དང་སེམས་ལ་སྡུག་བསྔལ་དང་ཆགས་སྡང་ཤུགས་ཆེར་འབྱུང་སྐབས་སེམས་ལ་སེམས་གནད་དུ་བསྣུན་ནས་བཅོས་དགོས།

དེ་ལ་དཔེར་མཚོན་ཙམ་སྨོས་ན།དེང་སྐབས་ནད་རིམས་ཕོག་པའི་ནད་པ་རྣམས་ཀྱིས་ནད་གཞན་ནས་འགོས་ཕྱིར་གཞན་གྱིས་གནོད་སྐྱལ་བྱུང་བསམ་ནས་ཁོང་ཁྲོ་བ་འབྱུང་སྲིད།

དེའི་གཉེན་པོ་ལེ་ལན་གཞན་ལ་ཁག་མི་བཀལ་བ། སྣོད་བཅུད་ཐམས་ཅད་རང་བྱུང་གི་འཇིག་པ་འབྱུང་བ་ཆོས་ཉིད་པ་བསམ་དགོས།མི་ལ་མཚོན་ན་མི་ཚང་མ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་མི་དགོས་པ་སུ་ཡང་ཡོད་མི་སྲིད་པས་ང་གཅིག་པུ་ལ་འབྱུང་བ་མིན་པ་བསམ་དགོས། བོད་ལུགས་གསོ་རིག་ནང་ནད་པ་སེམས་དཔའ་ཞུམ་མི་ཉན་པ་དཔའ་གདེང་བསྐྱེད་དགོས་པར་གསུངས་ཡོད། དེའི་ཕྱིར་ད་ཐེངས་ངེད་ཀྱི་ནད་འདིས་སེམས་ཅན་ཐམས་ཅད་ཀྱི་ན་བའི་གོ་ཆོད་པར་ཤོག་བསམ་དགོས། 

དེ་བསམ་པ་དགེ་བ་ཡིན་པས་འབྲས་བུ་སྡུག་བསྔལ་མི་འབྱུང་བར་ཕན་ཐོགས་ཡོད། སྤྱིར་སེམས་ཀྱིས་བསམ་བློ་མང་པོ་མི་བཏང་བ་སེམས་ཞི་བར་གནས་པ་གལ་ཆེ།དེའི་ཐབས་ཞི་གནས་སྒོམ་སྟངས་སོགས་འོག་ཏུ་འཆད་རྒྱུ་ཡིན།

ཡང་དཔེ་མཚོན་གཞན་ཞིག་བཤད་ན། དོགས་ཡོད་ལོགས་སུ་བཀར་བ་རྣམས་སེམས་སྡུག་ཆེན་པོ་ཡོད་པ་རེད། འགའ་ཤས་རང་ལ་ནད་ཡོད་ན་གཞན་ལ་འགོས་ཀྱིས་དོགས་ནས་ལོགས་སུ་བཀར་བ་མི་ཤེས་ནས་ཁྲིམས་ཀྱིས་བསྡམས་ནས་ལོགས་སུ་བཀར་བའི་འདུ་ཤེས། རྒྱུན་ལྡན་ལྟར་མིན་པ་ལོགས་སུ་བཀར་ནས་ཁེར་བུ་འདུག་དགོས་པ་སེམས་སྡུག་འབྱུང་ངེས་རེད།

ཏོག་གསར་གློ་ཚད་སྐབས་ཀྱི་སེམས་གསོ་མུན་སེལ་སྒྲོན་མེ།

དེ་དག་དང་ལེན་ཇི་ལྟར་བྱེད་ཅེ་ན། དེ་ནི་གལ་སྲིད་རང་ལ་ནད་ཡོད་ན་གཞན་ལ་མི་འགོ་ཆེད་དུ་ཡིན་པས་གཞན་ཕན་གྱི་དགེ་བ་བླ་ན་མེད་པ་རེད། གལ་སྲིད་རང་ལ་ནད་ཡོད་དེ་གཞན་ལ་འགོས་ཤོར་ན། འཛམ་བུ་གླིང་གི་མིའི་འགྲོ་བ། རང་རྒྱལ་ཁབ། རང་མི་རིགས།རང་གི་ཡུལ་སྡེ། རང་གི་ཁྱིམ་མི་གཉེན་ཉེ་ཀུན་ལ་ནད་རིམས་མི་འགོ་ཕྱིར་དུ་ཡིན་པས་ད་ཐེངས་ང་ལོགས་སུ་བཀར་ཏེ་འདུག་རྒྱུ་འདི་གཞན་དོན་དགེ་བ་བསྒྲུབ་པ་ཡིན་བསམ་དགོས། རྒྱ་བོད་ཀྱི་མི་རིགས་འདི་ནང་ཆོས་རིག་གནས་ལ་དད་པ་བྱེད་མཁན་མང་བས། དེ་དག་ནད་ཡམས་སྐབས་སུ་ལོགས་བཀར་དང་རྒན་ཡོལ་སྐབས་ཁ་འདོན་དགེ་སྦྱོར་སོགས་བྱ་བ་བྱ་རྒྱུའི་གོ་སྐབས་ཀྱི་འདུ་ཤེས་ལས་དེ་ཙམ་དཀའ་ངལ་མེད་པར་མངོན།

ཡང་དཔེ་མཚོན་གཞན་གཅིག་སྟོན་ན།སྨན་པ་དང་ནད་གཡོག་རྣམས་ཀྱིས་གཞན་གྱི་རེ་བ་ཇི་བཞིན་བསྐང་མི་ཐུབ་པ་དང་། རང་ལ་ནད་རིམས་འགོས་ཀྱིས་དོགས་པ། ཉིན་མཚན་བར་མེད་རང་ལ་འགོག་སྲུང་གི་ལས་གོས་སོགས་ཀྱིས་བཏུམས་ནས་ལས་ཀ་བྱེད་དགོས་སྐབས་སེམས་ཁྲལ་དང་དཀའ་ངལ་ཡོད་པ་ང་ཚོས་གསར་འགྱུར་སོགས་ལ་ལྟ་སྐབས་མཁན་རྣམས་ཡང་མིག་ཆུ་ཤོར་བ་འདུག

དེའི་སེམས་ཁྲལ་ལ་གཉེན་པོ་བསྟན་ཐབས་ནི། བོད་ལུགས་གསོ་རིག་ལ།གསོ་བ་པོའི་སྐབས་སྨན་པའི་རྒྱུ་དྲུག་སོགས་མང་དུ་གསུངས་པ་རྣམས་དེའི་ཚིག་དོན་རེ་རེ་བཞིན་འགྲེལ་ན་དུས་ཚོད་འགོར་བས་མདོར་བསྡུས་སུ་སྨྲོས་ན། སྨན་པ་བསམ་པ་དཀར་བ་གཞན་ལ་ཕན་སེམས་དང་ལྡན་པ།ནད་པའི་སྡུག་བསྔལ་མཐོང་དུས་སྡུག་བསྔལ་དང་བྲལ་འདོད་སོགས་ཚད་མེད་བཞིའི་བློ་སྦྱང་འོག་ཏུ་འཆད་འགྱུར་ལྟར་སྔོན་དུ་སོང་ནས། ད་ཐེངས་རང་གི་ཆེད་ལས་ཁྱད་པར་ཅན་གཞན་ལ་ཕན་འདོགས་པའི་ཤེས་བྱ་འདིས། མིའི་འགྲོ་བ་སྤྱི་དང་། རང་རྒྱལ་ཁབ། རང་མི་རིགས། རང་གི་ལས་ཡུལ་དངོས་སུ་ཞུགས་ཡུལ་ལ་ཕན་ཐོགས་པའི་བྱས་རྗེས་ཞིག་བཞག་པའི་གོ་སྐབས་འདི་མི་ཚེའི་གཟི་བརྗིད་ཡིན་སྙམ་པའི་སྤོབས་པ་བསྐྱེད་དགོས།

ཡང་དཔེ་མཚོན་གཞན་ཞིག་ནི། ད་ཐེངས་ཏོག་དབྱིབས་ནད་དུག་གློ་རིམས་བྱུང་བའི་ཡུལ་མི་རྣམས། རང་ལ་ནད་རིམས་འབྱུང་དོགས་ཀྱིས་སེམས་ཚབ། ལས་མཚམས་འཇོག་དགོས་བྱུང་བས་དཔལ་འབྱོར་གྱི་གྱོང་གུད། ལས་ཀ་ཤོར་བས་འཚོ་བའི་དཀའ་ངལ། འགྲིམ་འགྲུལ་བཀག་བསྡམ་གྱིས་འགྲོ་འདུག་མི་ཐུབ་པ། བུ་རྒྱུད་སློབ་ཞུགས་མི་ཐུབ་པ་སོགས་ཀྱི་དཀའ་ངལ་དང་སེམས་སྡུག། གཞན་དེ་དག་གི་གནས་ཚུལ་མཐོང་ཐོས་བྱུང་དོ་ཅོག་སེམས་ཚབ་དང་སེམས་སྡུག། དེས་རྐྱེན་པས་སེམས་ཁམས་མི་བདེ་བ་བྱུང་དང་འབྱུང་བཞིན་པ་རེད།

དེ་དག་ལ་དང་ལེན་བྱེད་པའི་གཉེན་པོ། སྤྱིར་ཕྱི་སྣོད་འབྱུང་བ་ལྔ་ལས་གྲུབ་ཅིང་། དེ་ལ་ཁོར་ཡུག་སྲུང་སྐྱོབ་སོགས་ཡག་པོ་མ་བྱུང་ན་འབྱུང་བ་འཁྲུགས་པས་རང་བྱུང་ཁམས་གི་གནོད་འཚེ་མང་པོ་འབྱུང་བ་དང་། ནང་བཅུད་ཀྱི་སེམས་ཅན་ཡང་འབྱུང་བ་ལྔ་ལས་གྲུབ་ཅིང་། སྣོད་བཅུད་གཅིག་ལ་གཅིག་བརྟེན་ཡིན་པས་ཕྱི་སྣོད་འགྱུར་ན་ནང་གི་སེམས་ཅན་ཡང་ནད་རིམས་སོགས་ངེས་མེད་འབྱུང་རྒྱུ་ཡིན་པས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་པ་དུས་རྒྱུན་མི་ཚང་མས་ཡིད་ལ་འཇོག་རྒྱུ་གལ་ཆེ། དེ་བཞིན་ཕྱི་སྣོད་བཅུད་དང་། ནང་སེམས་ཁམས་རྟེན་དང་བརྟེན་པའི་འབྲེལ་བས་ནང་སེམས་པ་བཟང་པོ་བྱུང་ན་ཕྱི་སྣོད་བཅུད་ཀྱི་འབྱུང་ཁམས་ཆ་སྙོམས་པ་འབྱུང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན།

   གལ་ཏེ་ནད་ཡམས་སོགས་ཀྱི་རྐྱེན་ངན་དང་འཕྲད་ཚེ། ལེ་ལན་གཞན་ལ་ཁག་མི་བཀལ་བ། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པས། ཕྱི་སྣོད་འབྱུང་བཞིའི་འཇིགས་པ། ནང་བཅུད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་དགོས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པར་བསམ། ནད་ཡམས་ཡང་ད་ཐེངས་ཁོ་ན་མིན་པ་ལོ་རྒྱུས་ཐོག་ཐེངས་མང་བྱུང་ཡོད། འོན་ཀྱང་ད་སྐབས་སྔར་གྱི་སྤྱི་ཚོགས་དང་མི་འདྲ་བ་རྒྱལ་ཁབ་གྱི་སྟོབས་ཤུགས་དང་། ཚན་རྩལ་ཡར་རྒྱས་ཀྱི་དུས་རབས་ལ་དེ་ཙམ་བག་ཚ་མི་དགོས་པའི་སེམས་ཤུག་བསྐྱེད་ཅིང་།དཔལ་འབྱོར་གྱི་གྱོང་གུད་དང་། ལས་ཤོར་གྱི་དཀའ་ངལ་སོགས་ནི་གནས་སྐབས་ཙམ་ཡིན་སྟབས་སླར་གསོ་བྱེད་ཆོག་པའི་སྤོབས་པ་བསྐྱེད་དགོས། གལ་གནད་ཆེ་བ་ནི་མིའི་ཚེ་སྲོག་བསྐྱར་གསོ་མི་ཐུབ་པས་ནད་ཡམས་འགོག་སྲུང་ལ་ལྷོད་གཡེང་མི་ཤོར་བ་གལ་ཆེ།

གལ་ཏེ་དཀའ་ངལ་དང་འཕྲད་སྐབས་སེམས་ཁམས་མི་བདེ་བ་བྱུང་ན། སེམས་ཁམས་གསོ་ཐབས་བོད་ལུགས་གསོ་རིག་ལྟར་ན། སྤྱིར་བཏང་སེམས་རྣལ་དུ་གནས་པ་ལ་ཞི་གནས་དང་། ཁྱད་པར་དཔལ་ལྡན་རྒྱུད་བཞི་ལས།ལུས་སེམས་ནད་གདོན་རང་བཞིན་མ་གྲུབ་ཕྱིར།།བདག་མེད་སྟོང་པའི་དོན་ལ་རྒྱུན་དུ་བལྟ།།ཞེས་དང་།སྒོམ་པ་ཚད་མེད་བཞི་ཡི་ངང་དུ་གནས།།ཞེས་སོགས་མང་དུ་བྱུང་།

ཞི་གནས་ནི། དབུགས་འབྱུང་འཇུག་གནས་གསུམ་ལ་སེམས་མ་ཡེངས་པར་ཐེངས་རེར་སྐར་མ་གཅིག་ནས་བཅུ་བར་ཙམ་བགྲངས་ནས་ངལ་གསོ། ཡང་བགྲང་བ་རེས་མོས་ཇི་ནུས་བྱས་པས་སེམས་ཞི་བར་གནས་པ་དང་། དེ་བཞིན་མེ་ཏོག་སོགས་དངོས་པོ་ཞིག་ལ་སེམས་གཏད་པ་སོགས་ཀྱིས་ཆགས་སྡང་དང་སྡུག་བསྔལ་སོགས་སེམས་ཀྱི་རྟོག་པ་ཐམས་ཅད་ཞི་བར་གནས་པར་འབྱུང་།

བདག་མེད་སྟོང་པའི་ལྟ་བ་ནི། ད་ལྟ་ང་ཚོའི་ངོར་སྣང་བཞིན་པ་ཐམས་ཅད་འཁྲུལ་སྣང་ཡིན་པ་ལས་གནད་ལུགས་ངོ་མ་མིན། རྒྱུ་མཚན་ད་ལྟ་སྣང་བཞིན་པ་འདི་རྣམས་རྡུལ་ཕྲན་ལ་ཕབས། དེ་ཆ་མེད་ལ་ཕབས་ན་མཐར་འོད་གསལ་སྟོང་ཉིད་ལ་ཐུག་འགྲོ། སྟོང་ཉིད་ལ་དགའ་སྡུག་ཆགས་སྡང་རང་བཞིན་གྱིས་མ་གྲུབ་པ་སོགས་རིགས་པས་དཔྱད་ཅིང་། དེའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཤེས་ན་སེམས་ཁམས་ཀྱི་ནད་དང་སྡུག་བསྔལ་ཐམས་ཅད་རང་སར་ཞི་འགྲོ་བ་རེད།

ཚད་མེད་བཞི་ནི། སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་བདེ་བ་དང་ཕྲད་པར་ཤོག་ཅིག་སྙམ་པའི་བྱམས་པ་བསྒོམ་དགོས།དེ་གོམས་ན་གཞན་ལ་ཕན་འདོགས་འདོད་ཀྱི་བློ་སྐྱེ་འོང་། སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་སྡུག་བསྔལ་དང་བྲལ་བར་ཤོག་ཅིག་སྙམ་པའི་སྙིང་རྗེ་བསྒོམ་དགོས།དེ་གོམས་ན་གཞན་ལ་གནོད་པ་མི་བྱེད་པའི་བློ་སྐྱེ་འོང་། བདེ་བ་དང་ལྡན་པ་རྣམས་བདེ་བ་དང་མི་འབྲལ་བར་ཤོག་ཅིག་སྙམ་པའི་དགའ་བ་སྒོམ་དགོས།དེ་གོམས་ན་རང་ལ་ཁྲག་དོག་མེད་པ་གཞན་གྱི་མངའ་ཐང་ལ་དགའ་བའི་བློ་སྐྱེ་འོང་། ཆགས་སྡང་ཅན་རྣམས་ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་ནས་སེམས་སྙམ་པ་ལ་གནས་པར་ཤོག་ཅིག་སྙམ་པའི་བཏང་སྙོམས་བསྒོམ་དགོས།དེ་གོམས་ན་རང་ལ་ཆགས་སྡང་གི་བློ་ཞི་ནས་ཐམས་ཅད་འདྲ་མཉམ་གྱི་བློ་སྐྱེ་འོང་། དེ་ལྟར་སེམས་མ་གཡེང་པར་ཐེངས་རེར་སྐར་མ་གཅིག་ནས་བཅུ་ཙམ་བར་ཐུན་མང་དུ་བསྒོམས་ན་སེམས་པ་བཟང་པོར་བསྒྱུར་ཐུབ།ཁྱད་པར་སེམས་ལ་དཀའ་ངལ་དང་སྡུག་བསྔལ་བྱུང་ན་སེམས་ཁམས་བདེར་བར་ཕན། དེ་ལྟར་འཛམ་བུ་གླིང་གི་མི་མང་པོ་ཞིག་ལ་ཚད་མེད་པ་བཞིའི་བློ་སེམས་རྒྱུད་ལ་འཁྲུངས་པ་ཡིན་ན། འཛམ་གླིང་ཞི་བདེ། མི་རིགས་འཆམ་མཐུན། སྤྱི་ཚོགས་བདེ་འཇགས། གྲོང་མི་ནང་མཐུན།བཟའ་མི་བདེ་སྐྱིད་བཅས་འབྱུང་ངེས་པར་ཅན་ཡིན་ལ། སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཀྱང་རང་སར་ཞི་འགྲོ།མི་ཚང་མ་བསམ་པ་དགེ་བར་འགྱུར་ན་དེའི་རྟེན་འབྲེལ་གྱིས་སྣོད་བཅུད་དགེ་ཞིང་བཀྲ་ཤིས་པར་འབྱུང་རྒྱུ་གདོན་མི་ཟའོ།།

དེ་ལྟར་སེམས་ཁམས་གསོ་ཐབས་བོད་སྨན་གྱི་གཞུང་ལས་འབྱུང་བའི་ཐུན་མོང་གི་ལུགས་ཆོས་ལུགས་དང་མ་འབྲེལ་བ་མདོར་བསྡུས་བསྟན་ཟིན།

མཇུག་མཐར་གུས་པས་སྨོན་འདུན་ཞུ་བ་ནི། སྐྱེ་འགྲོ་ཐམས་ཅད་ཀྱི་སེམས་རྒྱུད་ལ་དགེ་བློ་སྐྱེ་བར་ཤོག། སྐྱེ་འགྲོ་ཐམས་ཅད་སྡུག་བསྔལ་དང་བྲལ་ཞིང་བདེ་སྐྱིད་ལྡན་པར་ཤོག། བཀྲ་ཤིས་བདེ་ལེགས།། །།

  • ལེ་ཚན་སྔོན་མ།:བོད་ལུགས་གསོ་རིག་གི་མཁས་དབང་ཆེན་མོ་ཁང་སར་བསོད་ནམས་འཆི་མེད། 
  • ལེ་ཚན་རྗེས་མ།:ཚེ་གཅིག་སྤྲོ་བས་ཕྱུག་པའི་བྱ་གཞག་ནི།།བོད་ལུགས་གསོ་རིག་འགྲོ་ཕན་སྒྲུབ་ལ་བརྩོན།།
  • དོ་སྣང་ཆེ་བའི་རྩོམ།