བོད་ཁུལ་མི་སེར་གྱི་བདེ་ཐང་སྲུང་བའི་ལྷ་རྗེ།

ལྷ་འཛོམས།        2020-03-27

བོད་ཁུལ་མི་སེར་གྱི་བདེ་ཐང་སྲུང་བའི་ལྷ་རྗེ།

བྱམས་བརྩེས་ཕྱུག་པའི་བོད་སྐྱོར་སྨན་པ་རུ་ཁག་གི་རུ་མི་ཆུང་ཤོས།

   དེ་རིང་ཁྱེད་རང་ལུས་པོར་མི་བདེ་བ་ཨེ་བྱུང་། ང་ཚོ་ཁྱེད་ཀྱི་ལུས་དྲོད་ལྟ་ས་ཡོང་བ་ཡིན་ཞེས་པའི་སྐད་ཆ་འདི་ནི་བོད་སྐྱོར་སྨན་པ་ཀྲུའུ་ཧའེ་ཡིས་ཟླ་གཅིག་ལྷག་གི་རིང་ལ་ཆེས་བཤད་མང་བའི་སྐད་ཆ་དེ་རེད། ཀྲུའུ་ཧའེ་ད་ལོར་ལོ་ན25ལ་སོན་ཞིང་ལས་གནས་སུ་ཞུགས་ནས་ལོ་གཉིས་ལས་འགོར་མེད། ཁོང་ནི་གསེར་ཐར་རྫོང་གི་བོད་སྐྱོར་སྨན་དོན་ལས་དོན་དཔུང་ཁག་ནང་གི་ལོ་ན་ཆུང་ཤོས་ཀྱི་ལས་བྱེད་པ་ཞིག་རེད། 2019ལོའི་སྤྱི་ཟླ12པའི་ཚེས25ཉིན་ལ་ཁོང་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་མི་དམངས་སྨན་ཁང་ནས་གསེར་ཐར་རྫོང་སྦོ་མདའ་གྲོང་རྡལ་གྱི་ལྟེ་གནས་འཕྲོད་བསྟེན་ཁང་དུ་བོད་སྐྱོར་ལས་ཀ་སྒྲུབ་སར་ཡོང་བ་ཡིན་ཞིང་། ཁོང་ནི་ཕྱི་ནད་ཚན་ཁག་གི་སྨན་པ་ཞིག་རེད།

   ཀྲུའུ་ཧའེ་ཡི་ཕ་མས་རང་གི་བུ་མཚོ་འཕགས་སྨི4100ཡོད་པའི་གསེར་ཐར་རྫོང་དུ་བོད་སྐྱོར་བྱེད་དུ་འགྲོ་དགོས་པ་ཤེས་སྐབས་མོས་མཐུན་གཏན་ནས་མི་གནང་བ་རེད། གང་རེད་ཟེར་ན་ཀྲུའུ་ཧའེ་ཆུང་དུས་ནས་བྲང་ཁོག་གཅུན་དྲགས་པ་བྱའི་བྲང་ཁོག་ལྟར་ཡིན་པས་གཤགས་བཅོས་བྱས་མྱོང་ཞིང་། བྲང་ཁོག་ཏུ་ད་དུང་ལྕགས་ལེབ་བསྒར་ཡོད་པ་རེད། ས་བབ་མཐོ་བའི་ས་ཆར་སོང་ན་སྙིང་ཁམས་དང་གློ་བ་སོགས་ནང་ཁྲོལ་ལ་གནོན་ཤུགས་ཆེ་རུ་ཕྱིན་ངེས་པར་བརྟེན། ཕ་མའི་སེམས་ཁྲལ་ལ་རྒྱུ་མཚན་ཡོད་པ་རེད། འོན་ཀྱང་ཀྲུའུ་ཧའེ་ཡིས་ཕ་མར་ནད་བཅོས་སྲོག་སྐྱོབ་བྱ་རྒྱུ་ནི་སྨན་པའི་རང་འགན་རྩོད་མེད་ཅིག་ཡིན་ཞིང་། མཐོ་སྒང་དུ་སྨན་པ་དཀོན་པ་དང་སྨན་ཉུང་བའི་གནས་ཚུལ་ད་དུང་མངོན་གསལ་དོད་པོ་ཡིན་པས་དེ་གར་ང་ཚོ་དེ་བས་དགོས་མཁོ་ཆེ་བ་ཡོད། ང་རང་ད་དུང་ལོ་ན་གཞོན་པས་དེ་བས་མཐའ་འཁོབ་དང་དེ་བས་དཀའ་ཚེགས་ཆེ་བའི་ས་ཁུལ་དུ་བསྐྱོད་ན། མི་དེ་བས་མང་བར་རོགས་རམ་བྱེད་ཐུབ་ཅིང་དོན་སྙིང་ལྡན་པའི་བྱ་བ་དེ་བས་མང་བ་བསྒྲུབ་ཆོག་པ་རེད་ཅེས་ཡང་ཡང་བཤད་དེ་ཕ་མའི་ཆོག་མཆན་ཨེ་ལོན་མི་ལོན་བྱས། ཁོང་གི་བོད་སྐྱོར་འགྲོ་བའི་སེམས་ཐག་ཆོད་པོ་ཡིན་པའི་ཁར་རྒྱུན་འཁྱོངས་ལྷོད་མེད་ངང་བདེན་རྩ་བཤད་ནས་ཕ་མར་གོ་སྐོན་བློ་འགུགས་བྱས་པར་བརྟེན་མཐར་ཕ་མ་གཉིས་ཀ་ཨུ་ཐུག་ནས་བུའི་གདམ་གར་རྒྱབ་སྐྱོར་མི་བྱེད་ཀ་མེད་དུ་གྱུར།

   སྤྱི་ཟླ་དང་པོའི་ཚེས23ཉིན་གྱི་སྔ་དྲོར། ཏོག་གསར་གློ་རིམས་བྱུང་ནས་ཉིན་འགའ་ལས་འགོར་མེད་པའི་སྐབས་སུ། སྦོ་མདའ་གྲོང་རྡལ་གྱི་རིམས་ནད་ཞིབ་བཤེར་ས་ཚུགས་སུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ནས་ཡོང་བའི་རླངས་འཁོར་གསུམ་བསླེབས་ནས་འགྲུལ་པ་ཚོས་ཞིབ་བཤེར་དང་ལེན་བྱེད་པའི་སྐབས་སུ། མི་སྣ9ཡོད་པའི་ནང་མི2ལ་ཚ་བ་རྒྱས་བཞིན་ཡོད་པའི་ནད་རྟགས་ཡོད་པ་ཞིབ་བཤེར་ཐུབ་པ་དང་། དེ་རྗེས་དོགས་ཡོད་ནད་པ་གཉིས་དང་། དེ་གཉིས་དང་འབྲེལ་འདྲིས་བྱེད་མཁན་མི13བཅས་སྦོ་མདའ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་དུ་གསོ་རིག་གིས་ལོགས་བཀར་ལྟ་ཞིབ་དང་ལེན་བྱེད་པར་བཀོད་སྒྲིག་བྱས་པ་རེད། རྗེས་མའི་ཞིབ་བཤེར་ཁྲོད་དུ་ཚ་བ་རྒྱས་པའི་དོགས་ཡོད་ནད་པ་དེ་གཉིས་ལ་ཏོག་གསར་གློ་རིམས་ཕོག་ཡོད་པ་ཤེས་རྟོགས་བྱུང་བ་རེད། གལ་ཏེ་དེའི་ཉིན་མོར་ནད་པ་དེ་གཉིས་དང་བཅས་པར་ལོགས་བཀར་བྱེད་ཐུབ་མེད་པ་ཡིན་ན། མཇུག་འབྲས་ཚབས་ཆེན་ཇི་ལྟར་འབྱུང་བ་སུས་ཀྱང་ཚོད་ཐིག་དཀའ་མོ་རེད།

   རིམས་ཚུལ་ནི་བཀའ་རྒྱ་ཡིན་པས་ཀྲུའུ་ཧའེ་དང་ལས་རོགས་ཚོ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཞུགས་པ་རེད། ཁོང་ཚོས་རླུང་མི་རྒྱུ་བའི་འགོག་སྲུང་གྱོན་ཆས་གྱོན་པ་དང་མིག་ཤེལ་བརྒྱབ་ནས་ལོགས་སུ་བཀར་ཡོད་པའི་དོགས་ཡོད་ནད་པ་རྣམས་ལ་ལུས་དྲོད་བརྟག་པ་དང་ཁྲག་ཤེད་འཇལ་བ། དབྱང་འདང་མིན་ཚད་ལེན་བཅས་བྱེད་ཀྱི་ཡོད། ལོགས་བཀར་བྱེད་མཁན་གྱི་མིད་པའི་ཚོད་ལྟའི་ཤོག་བུ་དཔེ་ལེན་དང་། ཐོར་འགོད་པ། དཔེ་གཞི་སྐྱེལ་བ་བཅས་ཀྱི་ལས་དོན་ནི་ཏོག་གསར་གློ་རིམས་གཏན་འཁེལ་མ་བྱེད་པའི་གོང་གི་བརྒྱུད་རིམ་གལ་ཆེ་ཤོས་ཤིག་ཡིན་པ་རེད། ལོགས་བཀར་བྱེད་མཁན་ལ་མིད་པའི་ཚོད་ལྟ་ཤོག་བུའི་དཔེ་ལེན་ཐེངས་རེར་བྱེད་དུས་སྨན་པ་རང་ཉིད་ལ་ནད་དུག་འགོ་བའི་ཉེན་ཁ་ཆེན་པོ་ཡོད་ངེས་ཀྱང་། ཀྲུའུ་ཧའེ་ཡིས་ཕྱིར་ནུར་གཏན་ནས་མི་བྱེད་ཅིང་ཉེན་ཁར་གདོང་གཏད་དེ་རིམས་ནད་འགོག་བཅོས་ཚོད་འཛིན་དམག་འཐབ་ནང་ཐེ་ཚོམ་མེད་པར་ཞུགས་པ་རེད། འགོག་སྲུང་གྱོན་ཆས་ཆུ་ཚོད7ནས8བར་གྱོན་དགོས་པས། ཁང་པའི་ཕྱི་རོལ་དུ་ཁ་བས་གཡོགས་པ་དང་དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་བཅུ་ལྷག་ལས་བརྒལ་ཀྱང་། ཀྲུའུ་ཧའེ་དང་ལས་གྲོགས་ཚོ་དཀའ་ཐང་ཆད་ནས་རྔུལ་ནག་འཚུབ་བཞིན་ཡོད། ཀྲུའུ་ཧའེ་ཡིས་རླུང་མི་རྒྱུ་བའི་འགོག་སྲུང་གྱོན་ཆས་གྱོན་པས་དབྱང་རླུང་མི་འདང་བའི་ནད་རྟགས་དེ་བས་མངོན་གསལ་དོད་པོར་ཕྱིན་ཡོད་མོད། འོན་ཀྱང་ཁོང་གིས་སྲོག་ལ་ཉེན་ཁ་མེད་ན་སྡུག་སྐད་གཏན་ནས་མི་རྒྱག་ཅིང་། ལས་ཀ་ཚང་མ་ནན་ཏན་ངང་ཡག་པོ་བསྒྲུབས་ནས་འཕྱུགས་པ་གཏན་ནས་མི་ཡོང་བའི་འགན་ལེན་བྱས།

   ཉིན་མཚན25ལ་རིམས་ནད་འགོག་བཅོས་ལས་ཀ་རྒྱུན་འཁྱོངས་བྱས་པར་བརྒྱུད་འབྲེལ་འདྲིས་བྱེད་མཁན་ཚོ་ལོགས་བཀར་ལས་གྲོལ་རྗེས་ཀྲུའུ་ཧའེ་ལ་སྔར་བཞིན་ཁོམ་ལོང་ཞིག་མི་འདུག ཁོང་ལས་རོགས་ཚོ་དང་མཉམ་དུ་ཡུལ་སྡེའི་སྲང་ལམ་དང་ཞིང་འབྲོག་པའི་ཁྱིམ་དུ་རང་ཡུལ་དུ་ཚུར་ལོག་ཡོང་མཁན་གྱི་མི་སྣ་ཁྱིམ་དུ་བསྡད་ཡོད་པ་རྣམས་ལ་ལྟ་ཞིབ་ཚད་ལེན་དང་དུག་སེལ་དུག་གསོད་ཀྱི་ལས་ཀ་སྤེལ་བར་བྲེལ། ཁོང་ཚོས་ཡུལ་མི་རྣམས་ལ་ལག་པ་བཀྲུ་སྟངས་ཀྱི་གོ་རིམ་བདུན་ཞིབ་པོར་བསླབས་ནས་རང་ཉིད་འགོག་སྲུང་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་ཞིག་ཆགས་སུ་བཅུག་པ་རེད།།

བོད་ཁུལ་མི་སེར་གྱི་བདེ་ཐང་སྲུང་བའི་ལྷ་རྗེ།

མང་ཚོགས་སྐྱིད་སྡུག་ཐུགས་སུ་འཁྲེན་པའི་བོད་སྐྱོར་སྨན་པ་རུ་ཁག་གི་རུ་མི་རྒན་ཤོས།

   སྔོན་བཤེར་དབྱེ་བརྟག་བྱ་རྒྱུ་ནི་འགག་སྒོ་དང་པོ་དེ་ཡིན་པས་ཁྱེད་ཚོས་ངེས་པར་དུ་འགོག་སྲུང་ཡག་པོ་བྱ་དགོས། དངོས་པོའི་ཕྱི་ངོས་ལ་དུག་སེལ་ཉིན་རེར་ཉུང་མཐར་ཡང་ཐེངས་གསུམ་བྱ་དགོས། ཐོ་འགོད་ཀྱང་ཡག་པོ་བྱ་དགོས་ཞེས་དེ་ལྟར་བཤད་མཁན་ནི་རིམས་ནད་འགོག་སྲུང་ལ་ཁྲིད་སྟོན་བྱེད་བཞིན་པའི་བོད་སྐྱོར་སྨན་པ་ལིའུ་ཞའོ་ཧྲུའུ་རེད། ད་ལོར་ལོ་ན43ཡིན་པའི་སྨན་པ་ལིའུ་ཞའོ་ཧྲུའུ་ནི་གསེར་ཐར་བོད་སྐྱོར་སྨན་བཅོས་དཔུང་ཁག་ནང་གི་བོད་སྐྱོར་ལས་བྱེད་པ་ལོ་ན་ཆེ་ཤོས་ཡིན་པ་རེད།།

   2018ལོར་མོ་ཁྲེང་ཏུའུ་གྲོང་ཁྱེར་ཝུན་ཅང་ཆུས་མ་བུ་བདེ་སྲུང་སྨན་ཁང་ནས་གསེར་ཐར་རྫོང་མི་དམངས་སྨན་ཁང་དུ་བོད་སྐྱོར་བྱེད་སར་ཡོང་ཞིང་ཡོན་ཀྲང་གཞོན་པའི་འགན་བཞེས་ཡོད། 2019ལོར་བོད་སྐྱོར་ལས་འགན་གྲུབ་པ་རེད། འོན་ཀྱང་བོད་སྐྱོར་ལོ་གཉིས་རིང་ལ་མོས་བོད་རིགས་མང་ཚོགས་མང་པོ་ཞིག་ལ་རོགས་རམ་བྱ་དགོས་པ་མཐོང་སྐབས་རང་ཉིད་ལ་ད་དུང་བོད་སྐྱོར་གྱི་འགན་འཁྲི་དང་ལས་འགན་མང་པོ་ལེགས་གྲུབ་བྱུང་མེད་པའི་ཚོར་སྣང་བྱུང་ཕྱིར། ཁོང་གིས་མ་སྐུལ་དང་བླངས་ཀྱིས་གོང་གི་རྩ་འཛུགས་ལ་བོད་སྐྱོར་དུས་ཚོད་ལོ་གཅིག་འགོར་འགྱངས་གཏང་རོགས་བྱ་རྒྱུའི་རེ་ཞུ་བྱས་པ་རེད།

   ཏོག་གསར་གློ་རིམས་ཐོན་རྗེས་ཡོན་ཀྲང་གཞོན་པ་ཡིན་པའི་ལིའུ་ཞའོ་ཧྲུའུ་ཡིས་མགྱོགས་མྱུར་དུ་ལས་ཀ་བཀོད་སྒྲིག་བྱས་ནས་གྲང་ངར་ཆེ་བའི་གསེར་ཐར་རྩྭ་ཐང་དུ་དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས་སྨན་དོན་ཚན་ཁག་དང་ནད་སྐྱོང་པུའུ། གཞུང་ལས་ཁང་སོགས་སྡེ་ཚན་གྱི་ལས་བྱེད་པ་ཚོའི་སྣེ་ཁྲིད་དེ་གྲ་སྒྲིག་ཞིབ་བཤེར་དང་ཁག་བགོས་སྨན་བཅོས་བྱེད་ས། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་བཅོས་བྱེད་ས། ཁེར་རྐྱང་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་ས་བཅས་བཙུགས་པར་མ་ཟད། ད་དུང་སྨན་ཁང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཚུབ་བསྟུན་སྔོན་ཇུས་བཟོས་ནས་ཉིན་ལྟར་བརྒྱུད་རིམ་ལམ་ལུགས་ཁག་ལག་བསྟར་བྱས་ཚུལ་དང་སྨན་ཁང་གི་རིམས་འགོའི་ཚད་ལྡན་གནས་ཚུལ་ལ་ལྟ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། འགོག་སྲུང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།སྨན་དོན་མི་སྣ་རང་ཉིད་ཀྱི་འགོག་སྲུང་བྱས་ཚུལ་ལ་དུས་ངེས་མེད་ཀྱིས་ཞིབ་བཤེར་བྱས་པ་རེད།

   བསྟུད་མར་ཟླ་གཅིག་ལྷག་ཙམ་འབད་འཐབ་བྱས་ནས་ལས་བྱེད་པ་དང་མང་ཚོགས2000ལྷག་ཙམ་ལ་རིམས་ནད་བརྟག་བཤེར་བྱས་ཡོད་པ་རེད། ཉིན་ལྟར་ལས་ཀ་ཧ་ཅང་ལྕི་པོ་ཡིན་མོད། འོན་ཀྱང་ལིའུ་ཞའོ་ཧྲུའུ་ཡིས་འཛུམ་དམུལ་དམུལ་ངང་ཝུན་ཅང་གིས་གསེར་ཐར་རྫོང་དུ་མངགས་པའི་བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་མ་སྐུལ་དང་བླངས་ཀྱིས་རྩ་འཛུགས་ལ་རིམས་ནད་འགོག་རྒོལ་བྱ་རྒྱུའི་རེ་འདུན་ཞུས་པ་ཡིན། ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་རིང་ལ་ང་དང་ངའི་ལས་རོགས་ཚོས་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་བཅོས་བྱེད་པའི་འཐབ་ས་དང་པོར་བརྟན་སྲུང་བྱེད་བཞིན་ཡོད། མི་དམངས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་གི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་སྨན་དོན་མི་སྣའི་རང་འགན་ཡིན་པས། རིམས་ནད་ཀྱི་གནས་ཚུལ་མ་འཇགས་བར་དུ་ངས་ལས་རོགས་ཚོ་དང་མཉམ་དུ་རིམས་ནད་འགོག་རྒོལ་དམག་འཐབ་མཐར་ཕྱིན་པ་བརྒྱག་རྒྱུ་ཡིན། ཝུན་ཅང་གི་ཁྱིམ་མི་དང་ལས་གྲོགས་རྣམས་སེམས་བདེ་མོ་བྱོས། ང་གསེར་ཐར་ལ་བདེ་མོ་ཡིན། སེམས་ཁྲེལ་བྱེད་མི་དགོས། འདིར་ངས་ལོ་ན་བགྲེས་པའི་ཨ་མ་ལགས་ལ་རིམས་ནད་འཇགས་རྗེས། ང་རང་སྔ་ཙམ་ནང་ལ་ལོག་ནས་ཁྱེད་རང་ལ་བལྟ་རུ་ཡོང་ངེས། ཁྱེད་རང་གིས་ངེས་པར་དུ་ལུས་པོ་བདེ་སྲུང་ཡག་པོ་བྱ་རོགས་ཞེས་ལབ་རྒྱུ་ཡིན་ཞེས་བཤད་པ་རེད།

   ཀྲུའུ་ཧའེ་དང་ལིའུ་ཞའོ་ཧྲུའུ་ལྟ་བུའི་ལོ་རབས90དང70ནང་སྐྱེས་པའི་བོད་སྐྱོར་སྨན་དོན་མི་སྣ་ད་དུང་མང་པོ་ཡོད་ལ། ཏོག་གསར་གློ་རིམས་ཐོན་རིང་། བོད་སྐྱོར་སྨན་དོན་མི་སྣ23གྱིས་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ཡོད།

   ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོ་ནས་བཟུང་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་ལྔ་པ་དང་། ཝུན་ཅང་ཆུས། ལུང་ཁྲང་གྲོང་ཁྱེར་བཅས་ཀྱིས་སྔ་རྗེས་སུ་སྨན་དོན་མི་སྣ79མངགས་གཏོང་བྱས་ཤིང་། ཁོང་ཚོས་མི་རབས་ནས་མི་རབས་བར་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེན་པོར་ཞབས་འདེགས་ཞུ་བའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་བོད་རིགས་ས་ཁུལ་གྱི་མང་ཚོགས་ལ་ཕུལ་ཞིང་། སྨན་པའི་བྱམས་སེམས་ཆེན་པོས་བོད་རིགས་ས་ཁུལ་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་བཞིན་མཆིས་སོ།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི2020ལོའི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་དང་ཁུལ་ཨུའི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས7པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།