མཐོང་གི་མི་འདུག དྲན་གྱི་མི་འདུག

སྲད་འདབ་གསར།        2020-03-26

མི་ཚོགས་དང་སྐད་ཡན་ཁྲོད་ཀྱི་དེ་རིང་།

ངུ་ལབ་ཀྱིས་སྙིང་རྩ་འདར་གྱིན་པའི་དེ་རིང་།

བྱུར་རྐྱེན་གྱིས་འབྱུང་བཞི་དཀྲུགས་པའི་དེ་རིང་།

ཀྱེ་ཧུད།  བདག་གིས་གང་ཡང་མཐོང་གི་མི་འདུག

བདག་གིས་གང་ཡང་དྲན་གྱི་མི་འདུག


དེ་རིང་།

མཐོང་གི་མི་འདུག་སྟེ་རབ་རིབ་ཀྱི་རྨི་ལམ་ཞིག་རེད།

དོ་ནུབ།

དྲན་གྱི་མི་འདུག་སྟེ་རྡུལ་གྱིས་ཚོས་པའི་མེ་ལོང་ཆག་རོ་

ཞིག་རེད་འདུག


ད་གིན། ངས་སྡང་མིག་དང་ཁྲོ་ཚིག་དག་སྒལ་པར་ཁྱེར་ནས།

སེམས་འཚབ་པའི་རླུང་ཁམས་དག་དབུགས་རིང་ཞིག་གིས་ཕྱི་རུ་བུད་ཅིང་།

ཡིད་སྐྱོ་བའི་མཆི་མ་དག་སྙིང་རུས་ཤིག་གིས་མིད་པར་བརྫངས་ཏེ།

དུས་ཚོད་ལ་ཕྱིར་ལོག་རེ་བྱེད་ཐབས་བྱས།

མི་ཚོགས་ཀྱི་དྲན་ཤེས་དག་ཡོལ་བས་བཀབ་ཐབས་རེ་བྱས།


སང་ཉིན་དང་འཇིག་རྟེན་ཕྱི་མ།

གང་ཞིག་གི་གོམ་ཞེང་ཆེ་མིན་ངོ་མ་ཤེས་ཐབས་རེ་མི་འདུག

ཅི་ཞིག་ང་རྒྱལ་ཆེ་མིན་ངོ་མ་བསྡུར་ཐབས་ཤིག་མི་འདུག


ཧ་རོ་ཡ། སྲོག་ཆགས་ཀྱི་ཁྱུ་ཚོགས།

ཁྱོད་ཀྱིས་སང་ཉིན་དང་ཕྱི་མའི་བར་དུ།

བརྩེ་བའི་ཁྲི་ཤིང་ལ་ཤི་འཐམ་རོ་འཐམ་བྱེད་མཁན་ག་ཚོད་ཡོད།

ལྷད་མེད་པའི་ཕྲ་ཕུང་ལ་སྐྱག་རྡུང་འཁེལ་མཁན་ཅི་ཚོད་ཡོད།


ད་ནི། ངས་སྡུག་སྙིང་ཁོག་བཞུགས་སུ་བཅུག་སྟེ།

བསམ་བློ་དྲུག་གསུམ་བཅོ་བརྒྱད་རེ་བཏང་དུས།

སྔར་ནས་ད་བར་དུ།

ང་ནི་མདུན་མཆོང་གི་དམག་དཔོན་ཞིག་རེད་འདུག

ང་ནི་ཚོད་ལྟ་ཁང་གི་ཅ་ལག་ཅིག་དང་གཉིས་སུ་མ་མཆིས།


ཟླ་འོད་མག་མོག་འོག་གི་དོ་ནུབ།

བདག་གིས་གང་ཡང་མཐོང་གི་མི་འདུག

ཐལ་དྲི་འཚུབ་འཚུབ་ཀྱི་དོ་ནུབ།

བདག་གིས་གང་ཡང་དྲན་གྱི་མི་འདུག

གང་ཡང་དྲན་གྱི་མི་འདུག

                   


  • ལེ་ཚན་སྔོན་མ།:རྟའུ། ཁྱོད་ནད་ལས་གྲོལ་བར་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:གོས་དཀར་ནང་གི་དཔའ་བོ་དེ་དག