རྟའུ། ཁྱོད་ནད་ལས་གྲོལ་བར་རྟེན་འབྲེལ་ཞུ།

འབྲོག་ཚེ་བརྟན།        2020-03-26

བཙན་པོ་ཆ་ཤས་སུ་གྲུབ་པའི་རྡུལ་ཕྲན་གཅིག

རང་སར་ཐོར་བ་ག་ལ་སྲིད།

འཇིག་རྟེན་གྱི་གྲུབ་པའི་དཔལ་ལོ།།



ཁྱེད་རང་དྲི་མས་མ་གོས་པའི་པདྨ་དེའོ།།

ཟླ་བའི་དཀྱིལ་གྱི་རི་བོང་འཛིན་པ་དེའོ།།

རྨི་ལམ་གྱི་རབ་ཁ་ལས་མཐོང་དགོས་པ་ཁྱེད་རང་ཡིན།


རྟའུ་ལགས།  སེམས་ཀྱི་དྲན་པ་ཕྱོགས་ས་ཁྱོད་རང་ཡིན།

ཁྱོད་ནད་ལས་གྲོལ་བར་རྟེན་འབྲེལ་ཞུ།

ནད་མེད་ཤོག


རྟའུ།  ཤི་ན་སེམས་པ་གླན་ས།

གསོན་ན་སེམས་གཏམ་བརྗོད་ས།

འདས་དོན་གྱི་འཚོ་བའི་རི་མོ་ལས།

ཁྱེད་ལ་ལོ་རྒྱུས་མང་།  ཉག་ཆུ་དང་འབྲེལ་བའི་ལོ་ཟླ་དེ་དག


དྲན་པའི་ནང་གི་རྒྱུ་མ་ཉག་ཉོག་ཅིག་ག་ལ་ཡིན།

སྙིང་ཉེ་བའི་དྲན་པའི་ནང་གི

སེམས་ཀྱི་གཏིང་གི

རྟའུ།


ཁྱོད་ནད་ལས་ཐར་བ་བོད་ནད་ལས་ཐར་བའོ།།

ཁྱོད་པ་ན་ཚ་མེད་པ་ཕོ་བྲང་དམར་པོར་ནད་མེད་པ་དེའོ།།

ཁྱོད་ནད་ལས་ཐར་བས།  ངས་སེམས་ངལ་གསོས་བར་གྱུར།


དྲན་པ་སྨུག་པོ་ལ། བརྗོད་དོན་མི་འདུག་པས།

ལང་ལོང་ཐང་ཐང་དུ་གྱུར།

དེ་བས་ལྗགས་ཀྱི་རྩེ་ན་ཁྱོད་རང་བཞུགས་ཡོད།

དྲན་པའི་ནང་གི་རྟའུ་ལགས། ཁྱོད་རང་ཁྲི་ལོར་ཤོག

                


  • ལེ་ཚན་སྔོན་མ།:གཞས་ཤིག་ལེན་ན་འདོད།
  • ལེ་ཚན་རྗེས་མ།:མཐོང་གི་མི་འདུག དྲན་གྱི་མི་འདུག