ཞའོ་ཡིའུ་ཚའེ་ཡིས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་འཕྲོད་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས་ཞེས་གསུངས།

ལྷ་འཛོམས་ཀྱིས་བསྒྱུར།        2020-03-25

    སྤྱི་ཟླ3པའི་ཚེས23ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། ཁུལ་ཨུའི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོ་དཔོན། ཁུལ་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་བཀོད་འདོམས་འགོ་གཙོ་ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ཁུལ་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས33པ་གཙོ་འགན་བཞེས་ནས་ཞིང་ཆེན་གྱི་ཏོག་གསར་གློ་རིམས་ལ་ཁ་གཏད་གཅོག་པའི་འཚུབ་བསྟུན་བཀོད་འདོམས་པུའུ་ཡི་ཚོགས་འདུ་ཐེངས21པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། འབྲེལ་ཡོད་ལས་དོན་ཚོགས་ཆུང་དང་རྫོང(གྲོང་ཁྱེར)གི་འབྲེལ་ཡོད་ལས་དོན་གནས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་ཞིང་། དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པར་མ་ཟད། ད་དུང་སླད་ཕྱིན་གྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ད་ཐེངས་ཀྱི་ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་རྫོང(གྲོང་ཁྱེར)དུ་འཚོགས་པ་རེད།

     ཞའོ་ཡིའུ་ཚའེ་ཡིས་བསྟན་དོན། རིམས་ནད་ཐོན་པ་ནས་བཟུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཨང་དང་པོར་བཞག་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དུས་ཚོད་དང་འགྲན་བསྡུར་དང་། ནད་གདོན་དང་འགྲན་པའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བྱས་པར་ཁུལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དེ་དུས་རིམ་གསར་པ་ཞིག་ཏུ་བསླེབས་པས། གནས་ཚུལ་གསར་པ་ཐོན་པ་དང་ཕྱི་རྒྱལ་གྱི་རིམས་ནད་ནང་དུ་འགོ་བའི་ཉེན་ཁ་ཆེ་རུ་འགྲོ་བ་དང་། དགྲ་དང་རང་ཕྱོགས་ཀྱི་འཐབ་རྩོད་དུས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བ། དཔལ་འབྱོར་འཕེལ་རྒྱས་ཐད་ཉམས་སད་ཚོད་བགམ་གལ་ཆེན་འཕྲད་པ། ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་ཐལ་དྲགས་པ་བཅས་ཀྱི་སྣང་ཚུལ་སྔར་བཞིན་གནས་ཡོད། རིམ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ཁོང་དུ་ཡང་དག་ཆུད་པར་བྱས་ནས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་གཙོ་གནད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཕྲོད་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་འཛུགས་རྒྱུའི་ཐོག་བསྒྱུར་ཏེ་འགྲུལ་པ་དང་ཟོག་འདྲེན། མ་དངུལ་འཁོར་རྒྱུག་བཅས་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་ཐུབ་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཁོར་རྒྱུག་ཡང་དག་པ་ཐུབ་པ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པ་བཅས་བྱས་ནས་ལོ་འགོར་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ཁག་ནུས་ཤུགས་ཡོད་རྒུས་ལེགས་སྒྲུབ་བྱ་དགོས།

    མིག་སྔའི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་ཞའོ་ཡིའུ་ཚའེ་ཡིས་ཕྱི་རྒྱལ་གྱི་རིམས་ནད་ནང་དུ་འགོ་བར་ཕྱོགས་ཡོངས་ནས་འགོག་བཅོས་ཚོད་འཛིན་བྱེད་པ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཞབས་ཞུའི་ལས་རིགས་སླར་གསོ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། ལས་གཞིར་མ་དངུལ་གཏོང་ཚད་མགྱོགས་སུ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་འཚོའི་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་པ། འཆམ་མཐུན་བརྟན་བརླིང་གི་སྤྱི་ཡོངས་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་བཅས་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི2020ལོའི་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།