མཚོ་སྔོན་གྱིས་བཟའ་བཏུང་ཚོང་གཉེར་སྡེ་ཚན་ཁྱོན་ཡོངས་ནས་ཚོང་གཉེར་བསྐྱར་གསོ་བྱེད་འགོ་ཚུགས།

ཡེ་མགོན་གྱིས་བསྒྱུར།        2020-03-24

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ3པའི་ཚེས16ཉིན་འབྱོར་བའི་གློག་འཕྲིན། ཚེས15ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་བསྒྲགས་བཀྲམ་ནས་བཤད་དོན། ཞིང་ཆེན་ཡོངས་ཀྱི་བཟའ་བཏུང་ཚོང་གཉེར་བྱེད་མཁན་སྡེ་ཚན་གྱིས་ཉིན་དེ་ནས་བཟུང་ཁྱོན་ཡོངས་ནས་ཚོང་གཉེར་བསྐྱར་གསོ་བྱེད་འགོ་འཛུགས་ཆོག་པ་རེད།

     སྤྱི་བསྒྲགས་ནང་བཤད་དོན། བཟའ་བཏུང་ཚོང་གཉེར་སྡེ་ཚན་གྱིས་ཚོང་གཉེར་བསྐྱར་གསོ་བྱེད་འགོ་མ་འཛུགས་སྔོན་དུ་ལས་གནས་ཐོག་ལོག་པའི་ལས་བཟོའི་བདེ་ཐང་རྩིས་བཟོ་བྱ་དགོས་ཤིང་། ཚོང་གཉེར་བྱས་རྗེས་ཉིན་རྟག་པར་ལས་གཉེར་བྱེད་མིར་ཞོགས་པའི་ལུས་པོ་བརྟག་དཔྱད་དང་ལུས་པོའི་ཚ་དྲོད་ལྟ་དཔྱད་བྱ་དགོས། ཚོང་གཉེར་བྱ་ཡུལ་དང་བཟའ་བཏུང་སྤྱོད་ཆས། སྒྲིག་ཆས་དང་སྒྲིག་བཀོད་བཅས་ལ་རླུང་རྒྱུག་བཅུག་པ་དང་། དུག་སེལ་དང་ཉེན་མེད་ཞིབ་བཤེར་བྱ་དགོས་པས་མ་ཚད། དགོས་ངེས་ཀྱི་རིམས་ཚུལ་འགོག་རྫས་གསོག་འཇོག་ཡག་པོ་བྱ་དགོས་པ་རེད།

     བཟའ་བཏུང་ཚོང་གཉེར་སྡེ་ཚན་གྱིས་ལག་ཁྱེར་ཁ་པར་སྤྱད་དེ་འཚོལ་རིས་བརྒྱུད་ནས་གྲོན་དངུལ་སྤྲད་རྒྱུ་དར་སྤེལ་གཏང་དགོས་ཤིང་། སྒོ་ཁའི་རིག་སར་ཕྱི་ཕྱོགས་ནས་མཚོ་སྔོན་དུ་འོངས་པ་དང་མཚོ་སྔོན་ལ་ལོག་ནས་ཉིན14ཡི་ནང་ཚུད་ལ་ཚོང་གཉེར་ཁང་དུ་བཟའ་བཏུང་བྱེད་མི་ཆོག་པའི་དྲན་སྐུལ་གསལ་བཤད་སྦྱོར་བ་དང་ཆབས་ཅིག བཟའ་བཏུང་བྱེད་མཁན་ཚོ་ཚོང་གཉེར་ཁང་ནང་ཡར་རབས་ཚུལ་ལྡན་གྱིས་བཟའ་བཏུང་བྱེད་པ་དང་མདུན་ལྕོག་དང་རྐུབ་སྟེགས་བཀོད་སྒྲིག་ཉུང་ངུ་བྱས་ཏེ་བར་ཐག་ངེས་ཅན་ཡོད་པ་བྱ་དགོས་པ་རེད། བཟའ་བཏུང་བྱེད་མཁན་ཚོས་བཟའ་བཏུང་བྱེད་པའི་དུས་ཚོད་ཕུད་ཁ། གོ་རིམ་ཧྲིལ་པོར་ཁ་ཤུབས་བརྒྱག་དགོས་པས་མ་ཚད་བཟའ་བཏུང་ཚར་རྗེས་མགྱོགས་མྱུར་དུ་ཚོང་གཉེར་ཁང་ལས་བྲལ་དགོས་པ་རེད། །

           

 


  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་བྱ་སྤྱོད་ཆེན་པོ་སྤེལ་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་འགན་སྲུང་བྱས།
  • ལེ་ཚན་རྗེས་མ།:རི་སྐྱེས་སྲོག་ཆགས་གང་བྱུང་བསད་ན་མཇུག་འབྲས་འདི་རེད། ཚང་མས་ལྟོས།
  • དོ་སྣང་ཆེ་བའི་རྩོམ།