ཏོག་གསར་གློ་རིམས་འཐབ་ཡུལ་དུ།།བོད་སྨན་དྲི་བསུང་ཕྱོགས་ཀུན་ཁྱབ།

དབྱངས་ཅན་དང་ཀུན་དགས་བསྒྱུར་ཞུས་བྱས།        2020-03-23

  བོད་སྨན་སྨན་པས་ཏོག་གསར་གློ་རིམས་འགོག་པར་བྱས་རྗེས་བཞག

   རིམས་ནད་འགོག་འཐབ་བྱེད་སྐབས་ཟུར་ལྟ་བྱས་ཏེ་སྡོད་མཁན་སྨན་བཅོས་མི་སྣ་གཅིག་ཀྱང་མེད་པ་རེད། ཁོ་ཚོས་ཡང་ན་རིམས་ནད་ཕོག་སར་གདོང་མཆོང་བྱེད་པ་དང་། ཡང་ན་ཁྱོན་ཡོངས་སུ་ལྟ་ཞིབ་དང་ཇུས་འགོད། ཡང་ན་སེར་སྣ་མེད་པའི་སྒོས་ཞལ་འདེབས་མ་དངུལ་ཕུལ་བ་སོགས་བྱེད་བཞིན་པ་རེད། རིམས་ནད་ཀྱི་གནས་ཚུལ་བྱུང་རྗེས་ཁུལ་བོད་སྨན་ཁང་དང་། སྡེ་དགེ་བོད་སྨན་ཁང་། སྡེ་དགེ་རྫོང་སར་དགོན་པའི་བོད་སྨན་ཁང་། ཕྱག་ཕྲེང་བོད་སྨན་ཁང་དང་བོད་ལྗོངས་ཉིང་ཁྲི་བོད་སྨན་ཁང་། མཚོ་སྔོན་འགྱུར་མེད་བོད་སྨན་སྨན་རྫས་སྤྱི་གཉེར་ཁང་དང་དམངས་ཁྲོད་ཀྱི་གཅེས་སེམས་ལྡན་པའི་མི་སྣ་སོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ཆེས་ཡག་པོའི་བོད་སྨན་ཞལ་འདེབས་ཕུལ་ནས་རང་ཁུལ་དུ་རིམས་ནད་འགོག་བཅོས་བྱེད་པར་ནུས་ཤུགས་བསྣན་པ་རེད། མིག་སྔར་སྒོར་ཁྲི90རི་བའི་བོད་སྨན་དེ་དག་རིམས་ནད་འགོག་བཅོས་བྱ་ཡུལ་དུ་བསྐྱལ་ནས་རྒྱ་ཆེ་བའི་མང་ཚོགས་ཀྱི་རིམས་ནད་འགོག་བཅོས་བྱེད་པར་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། ཀྲུང་གུང་དཀར་མཛེས་ཁུལ་བོད་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཧོང་ཞང་གིས་རིམས་ནད་འགོག་རྒོལ་བྱེད་པར་ང་ཚོ་བོད་ཀྱི་སྨན་པ་དག་དཀའ་ངལ་ལ་མི་འཛེམས་ནས་ནུས་ཤུགས་གང་ཡོད་འདོན་དགོས་པའི་འོས་འགན་ཡོད་པ་རེད། སྐབས་འདིར་ང་ཚོ་བོད་ཀྱི་གསོ་རིག་སྨན་པ་ཚོ་ལུས་ཕུང་གཅིག་ལྟར་ཆགས་ཡོད་པས། བོད་ཁུལ་གྱི་མི་སེར་ཚོའི་ལུས་ཁམས་བདེ་ཐང་ཡོང་བར་སྲུང་སྐྱོང་བྱས་ཏེ། རྒྱལ་ཡོངས་ཀྱིས་རིམས་ནད་ཀྱི་གནས་ཚུལ་མེད་པ་གཏོང་བར་བོད་ཀྱི་གསོ་རིག་སྨན་རྫས་ཀྱི་བློ་གྲོས་དང་ནུས་པ་འདོན་དགོས་པ་རེད་ཅེས་བཤད་པ་རེད།

    སྨན་ཁང་གི་ཏང་ཨུའི་འབོད་སྐུལ་འོག སྨན་ཁང་ཡོངས་ཀྱི་ལས་བཟོས་གཅིག་རྗེས་གཉིས་མཐུད་དུ་རིམས་ནད་དང་འགོག་རྒོལ་བྱ་ཡུལ་ལ་ཞུགས་ཆོག་པའི་རེ་འདུན་ཞུས་པ་རེད། མཐར་སྨན་ཁང་གིས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་དང་ལུས་པོའི་བྱང་ཚད་བཟང་བའི་བོད་ཀྱི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་གཉའ་རྒྱལ་མཚན་དང་ཀྲུའུ་རེན་གཞོན་པའི་སྨན་པ་དཀའ་བཅུ་པ་རིག་འཛིན་རྒྱ་མཚོ་གཉིས་རྟའུ་ལ་མྱུར་དུ་རོགས་སྐྱོབ་བྱེད་སར་བདམས་མངག་བྱས་པ་དང་། ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཨ་ཅག་དང་གཙོ་གཉེར་ནད་གཡོག་འགོ་འཛིན་ལི་ཅ་གཉིས་དར་མདོའི་སྔོ་ཚལ་ལྡུམ་ཐང་རུས་ནད་ཚན་ཁག་སྨན་ཁང་གི་བཀག་ཉར་ལྟ་ཞིབ་ས་ཚུགས་ཀྱི་རིམས་འགོག་ལས་ཀའི་ནང་ཞུགས་སར་བདམས་མངག་བྱས་པ་རེད། སྤྱི་ཟླ2པའི་ཚེས14ཉིན་གྱི་རིམས་འགོག་བྱ་ཡུལ་དུ་ཕྱིན་པའི་མཛད་སྒོ་ཐོག་སྨན་པ4པོས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འབུལ་བྱས་ནས་འགན་འཁྲི་ཁུར་ཕོད་པའི་ཆོད་སེམས་བཅངས་པ་རེད།

    སྤྱི་ཟླ3པའི་ཚེས5ཉིན། གསར་འགོད་པས་གཉའ་རྒྱལ་མཚན་མཐོང་སྐབས། ཁོ་རང་གིས་བོད་ཀྱི་གསོ་རིག་སྨན་བཅོས་ཚོ་ཆུང་གི་སྣེ་ཁྲིད་དེ་བྲེལ་བ་བྱེད་བཞིན་པའི་སྒང་རེད། རྟའུ་རྫོང་དུ་བསླེབས་རྗེས་གཉའ་རྒྱ་མཚན་དང་རིག་འཛིན་རྒྱ་མཚོ། རྟའུ་རྫོང་གི་བོད་ཀྱི་གསོ་རིག་སྨན་པ་ཡ་མ་ཆོས་འགྲུབ། བྱང་ཆུབ་རྡོ་རྗེ་བཅས་ལས་གྲུབ་པའི་བོད་སྨན་རིམས་འགོག་ཡན་ལག་ཚོ་ཆུང་གིས་བོད་ཀྱི་གསོ་རིག་སྨན་རྫས་བེད་སྤྱོད་བཏང་ནས་རྟའུ་ཡི་རིམས་ནད་འགོག་བཅོས་བྱེད་པའི་ལས་ཀའི་ནང་ཞུགས་པ་རེད།

    གཉའ་རྒྱལ་མཚན་གྱིས་གསར་འགོད་པར་བཤད་རྒྱུར། རིམས་ནད་འགོག་བཅོས་བྱེད་རིང་དུ་བོད་སྨན་རིམས་འགོག་ཡན་ལག་རུ་ཆུང་གིས་ཞིང་ཆེན་དང་ཁུལ་གྱི་སྨན་བཅོས་ཆེད་རམས་པའི་ཚོ་ཆུང་དང་བསམ་བློ་བརྗེ་རེས་གང་ལེགས་བྱས་ནས། ནུབ་སྨན་དང་། རྒྱ་སྨན། བོད་སྨན་བཅས་མཐུན་སྦྱོར་ཡག་པོ་བྱས་ཤིང་། གོང་རིམ་སྡེ་ཁག་གི་ཏོག་གསར་གློ་ཚད་ཀྱི་འགོས་ནད་འགོག་བཅོས་ཚོད་འཛིན་བྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་པོ་བྱས་པ་དང་། སྨན་བཅོས་ཆེད་རམས་པ་ཚོ་ཆུང་ལྷན་ཕེབས་དང་བཅས་མཉམ་དུ་ཏོག་གསར་གློ་ཚད་འགོག་བཅོས་བྱེད་པའི་ལས་ཀའི་ནང་ཞུགས་ནས། བོད་སྨན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་ཁྲོད་ཀྱི་ཕན་འབྲས་ལ་དོ་སྣང་ཟབ་མོ་བྱས་པ་དང་དུས་ཚོད་དང་པོར་ནད་ཐོག་སྨན་བཅོས་ཁྲིད་སྟོན་ཡག་པོ་བྱས། མི་དམངས་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་ཉེན་མེད་ཡོང་བར་སྲུང་སྐྱོང་བྱེད་ཆེད། ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་རྒོལ་བྱེད་ཡུལ་དངོས་སུ་འབད་འཐབ་བྱས་ནས། བོད་ཀྱི་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་གོ་རིམ་ཡོངས་སུ་ཁེབས་ཐུབ་པར་བྱས་ཡོད།

    གཉའ་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་དོན། ཏོག་གསར་གློ་ཚད་རིམས་ནད་ཀྱི་ན་ལུགས་ན་སྟངས་ནི་བོད་ཀྱི་གསོ་རིག་གི་རྒྱུ་གསུམ་རིག་པའི་ཐོག་ནས་འགྲེལ་བཤད་བྱས་ན་བོད་ཀྱི་གསོ་རིག་ནང་གི་གཉན་རིམས་ཀྱི་ཁྱབ་ཁོངས་སུ་གཏོགས་པས་རྒྱ་ལུགས་གསོ་རིགས་ཀྱི་ཡམས་ནད་དང་འདྲ་བ་རེད། ང་ཚོས་ཐེངས་འདིར་གཙོ་བོ་ནད་ངོ་ཟིན་པའི་ནད་པ་དང་འབྲེལ་འདྲིས་བྱེད་མྱོང་མཁན་དང་གསོ་རིག་ཐོག་ནས་ལྟ་ཞིབ་ཟུར་བཀར་བྱེད་བཞིན་པའི་ནད་པར་བོད་སྨན་བྱིན་པ་དང་། མི་འདི་ཚོའི་ལོ་ཚོད་འདྲ་མིན་དང་ལུས་པོའི་གནས་ཚུལ་འདྲ་མིན་ལ་དམིགས་ནས་བོད་སྨན་སྡེབ་སྦྱོར་བྱས། བོད་ཀྱི་གསོ་བ་རིག་པའི་ནད་ཡམས་སེལ་ཞིང་ལུས་སྟོབས་རྒྱས་པའི་ཟ་ལུགས་དང་སྡོད་སྲོལ་ལེགས་སྒྲིག་བྱེད་པའི་འདུ་ཤེས་ཀྱིས་སྔ་ནས་བཀག་འགོག་བྱེད་པའི་ནུས་པ་ཐོན་ནས། ནད་ངོ་ཟིན་པའི་ནད་པ་ཇེ་ཉུང་དུ་ཕྱིན་ཐུབ་པར་བྱས། གཉའ་རྒྱལ་མཚན་གྱིས་གསར་འགོད་པར་ཟླ་བ2པའི་ཚེས16ཉིན་ནས་ཟླ་བ3པའི་ཚེས5ཉིན་གྱི་བར་འབྲེལ་འདྲིས་ཆེ་བའི་ནད་ངོ་ཟིན་པའི་ནད་པ774དང་། ཁྱིམ་དུ་ཟུར་བཀར་བྱས་པའི་མི11435དང་དགོན་སྡེར་ཟུར་བཀར་བྱས་པའི་མི982ལ་རེས་གཉིས་པའི་བོད་སྨན་བྱིན་པར་མ་ཟད། ལྷག་ལ་ཟུར་བཀར་བྱེད་སའི་ལས་གནས་བརྟན་སྲུང་བྱེད་མཁན་དང་། ཁོར་སྲུང་ལས་བཟོ་པ། རྒན་གསོ་ཁང་གི་མི་རྒན་སོགས་མི2040ལ་རིམས་འགོག་བོད་སྨན་བྱིན་ཡོད།

    འགོག་བཅོས་ལས་ཀའི་ནང་ཞུགས་ཚེ་བོད་སྨན་ལས་དོན་སྒྲུབ་མཁན་ཚོས་བོད་ཀྱི་གསོ་རིག་སྨན་རྫས་ཀྱི་རིག་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་རྨང་གཞིར་གཞིགས་ཏེ་རྩོད་སྒྲུབ་ཀྱི་ཐོག་ནས་སྨན་བཅོས་བྱས་པ་དང་། མི་རེར་སྨན་རྫས་རེ་གཏོང་ཐུབ་པ་ཁག་ཐེག་བྱས་པར་མ་ཟད། རིམས་ནད་བྱུང་ཚུལ་གྱི་དགོས་མཁོ་ལ་གཞིགས་ནས་བོད་ཀྱི་གསོ་རིག་སྨན་རྫས་མཁོ་སྤྲོད་བྱ་རྒྱུ་འགན་སྲུང་བྱས་པ་རེད། ང་ཚོས་ཐོག་མར་འཕྲིན་ཕྲན་ཐོག་ནས་ཟུར་བཀར་བྱས་པའི་མི་སྣ་དང་བསམ་བློ་བརྗེ་རེས་བྱས་ནས། དམིགས་བསལ་གྱི་དགོས་མཁོ་ཡོད་པའི་ཟུར་བཀར་མི་སྣ་ལ་མི་རེ་རེ་བཞིན་དུ་ཁ་པར་ཐོག་ནས་འདྲི་རྟོགས་བྱས་པ་དང་། མི་སོ་སོའི་གནས་ཚུལ་འདྲ་མིན་རྒྱུས་ལོན་བྱས་རྗེས་སྨན་ཐོ་འདྲ་མིན་བཀོད་པ་དང་སྨན་རྫས་སྦྱོར་སྟངས་འདྲ་མིན་བྱས་ནས། བོད་ཀྱི་གསོ་རིག་གི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་དུས་སྐབས་སྔ་མའི་བཀག་འགོག་བྱས་པ་ཡིན། འཕྲིན་ཕྲན་དང་ཡང་ན་ཁ་པར་ཐོག་གནས་ཚུལ་རྒྱུས་ལོན་བྱེད་པ་དང་། རིགས་བགོས་ནས་སྨན་ཐོ་བཀོད་པ། སྨན་ཐོ་ལྟར་སྨན་རྫས་སྒྲིག་སྦྱོར་བྱེད་པ། ཁག་བགོས་ནས་ཟུར་བཀར་བྱེད་སར་སྐྱེལ་འདྲེན་བྱེད་པ་སོགས་ཉིན20ལྷག་ལ་རྒྱུན་མཐུད་དུ་ལས་དོན་བསྒྲུབས་ནས་དཀའ་ལས་ཆེ་རུང་སེམས་པ་སྤྲོ་བ་རེད་ཅེས་གཉའ་རྒྱལ་མཚན་གྱིས་དེ་ལྟར་བཤད།

   བོད་ཀྱི་གསོ་རིག་ལ་སྤོབས་པ་སྐྱེ་འོས་པ་ཞིག་ནི་ནད་ངོ་ཟིན་པའི་ནད་པ་སྨན་ཁང་དུ་སྡོད་སྐབས་ནག་པོ་དགུ་སྦྱོར་གྱི་སྨན་ཁུག་དེ་ཟུར་བཀར་སྨན་བཅོས་བྱེད་ཁུལ་དུ་སྤྱད་པ་རེད། སྨན་ཁང་ནས་ཕྱིར་ཐོན་པའི་རྒྱུན་མཐུད་གསོ་རིག་ཐོག་ནས་ལྟ་ཞིབ་ཟུར་བཀར་བྱེད་སྐབས། སྨན་བཅོས་ཡན་ལག་རུ་ཆུང་གིས་ནད་ངོ་ཟིན་པའི་ནད་པ་དང་ཚོར་སྣང་མེད་པའི་རིམས་ནད་འགོས་མཁན61ལ་མུ་མཐུད་དེ་བོད་སྨན་གྱིས་སྨན་བཅོས་བྱས་སྟབས། སྨན་བཅོས་ཀྱི་ནུས་པ་ཡག་པོ་ཐོན་པ་རེད།

   རང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་ཚོ་ཁག་ནི་རྟའུ་ལ་རིམས་ནད་ཀྱི་གནས་ཚུལ་ཆེས་ཚབས་ཆེ་བའི་སྐབས་སུ་རིམས་ནད་བྱུང་ཁུལ་དུ་ཕྱིན་མཁན་ཡིན་པ་དང་། ཏོག་གསར་གློ་ཚད་རིམས་ནད་བྱུང་ཁུལ་དུ་ལས་དོན་སྒྲུབ་བཞིན་པའི་བོད་ཀྱི་གསོ་རིག་སྨན་བཅོས་དཔུང་སྡེ་ཁོ་ན་ཡིན་པ་རེད། ཁོང་ཚོའི་བྱ་སྤྱོད་དེས་བོད་ཀྱི་གསོ་རིག་སྨན་རྫས་རིམས་ནད་འགོག་བཅོས་ཚོད་འཛིན་ནང་ཞུགས་པའི་ལས་ཀ་སྤེལ་ཐེངས་དང་པོ་གསར་གཏོད་བྱས་ནས། སྨན་པའི་སྙིང་རྗེ་མངོན་ཐུབ་པ་དང་རང་ཁུལ་གྱི་བོད་ཀྱི་སྨན་པ་ཚོས་དཀའ་ཚེགས་ཅི་ཙམ་ཆེ་རུང་དེ་ཙམ་མདུན་སྐྱོད་བྱེད་ཕོད་པའི་བསམ་པའི་ཉམས་འགྱུར་དང་སྙིང་རུས་ཆེན་པོས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱོད་ཚུལ་མངོན་ཐུབ་པ་བྱུང་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་ཀའི་ཁྲོད་ཆེས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་སུ་གྱུར་བ་རེད།།

   བོད་ལུགས་གསོ་རིག་ལས་འཕྲོས་པའི་ཉམས་མེད་གཟི་མདངས།

   བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭའི་ཤེས་རིག་གི་གཅེས་ནོར་ཡིན་ཞིང་། འདིའི་ནང་དུ་བོད་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་བདེ་ཐང་ལུས་གསོའི་འདུ་ཤེས་དང་ལག་ལེན་གྱི་ཉམས་མྱོང་། བློ་གྲོས་བཅས་ཚུད་ཡོད་པ་རེད། ད་ཐེངས་ཀྱི་རིམས་ནད་འགོག་བཅོས་ཁྲོད་བོད་ལུགས་གསོ་རིག་གིས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། ལྷག་པར་དུ་བོད་སྨན་གྱི་གློ་བ་གཙང་སེལ་གྱི་རིམས་འགོག་སྨན་རྫས་སྒྲིག་སྦྱོར་བྱས་པ་དེས་ཏོག་གསར་གློ་ཚད་འགོག་བཅོས་བྱ་རྒྱུར་ནུས་པ་ངེས་ཅན་ཞིག་ཐོན་གྱི་ཡོད་ཅེས་ཞིང་ཆེན་དང་ཁུལ་སྨན་བཅོས་ཆེད་རམས་པ་ཚོ་ཆུང་གི་ཁོངས་མི་ཚོས་ཁས་ལེན་གང་ལེགས་བྱས།

   བོད་ལུགས་གསོ་རིག་ནད་འགོག་ཡན་ལག་རུ་ཁག་གི་ཁོངས་མི་ཡ་མ་ཆོས་སྒྲོན་གྱིས་བོད་ལུགས་གསོ་རིག་གི་ཆེད་རམས་པ་དང་དགེ་རྒན་རྣམ་པས་རྒྱབ་རྩ་དང་མཛུབ་སྟོན་འོག་ང་ཚོའི་ལས་དོན་ཁྲོད་ཡིད་ཆེས་དང་སྤོབས་པ་དེ་བས་ཆེ་རུ་ཕྱིན་ཡོད་པས་མ་ཚད་རང་ཉིད་ལ་ཇི་ལྟར་སྲུང་སྐྱོང་དང་རིམས་འགོག་ཇི་ལྟར་བྱས་ནས་སྲོག་སྐྱོབ་བྱ་དགོས་ལུགས་སོགས་ཤེས་སོང་ཞེས་བཤད།

    ཟུར་བཀར་སྨན་སྤྱོད་བྱེད་མཁན་ཕུན་ཚོགས་བཀྲ་ཤིས་ཀྱིས་གཉའ་ཡོན་ཀྲང(གཉའ་རྒྱལ་མཚན)ཁོང་དང་བཅས་པས་ང་ཚོར་བསྐྱལ་བའི་བོད་སྨན་བཟོས་རྗེས་ཕན་ཐོགས་ཆེན་པོ་འདུག ལྷག་པར་དུ་ཁོང་ཚོས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ལ་གཞིགས་ནས་ང་ཚོར་སེམས་ཁམས་ཁྲིད་སྟོན་བྱས་མཐར་ང་ཚོར་སེམས་ཁྲལ་དང་། དངངས་འཚབ། འཇིགས་སྣང་བཅས་མེད་པར་རིམས་ནད་ལ་ལྟ་སྟངས་ཡང་དག་འཛིན་གྱི་ཡོད་ལ་གློ་ཚད་དེ་རིགས་བཅོས་ཐུབ་པ་དང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་འཐོབ་རྒྱུར་དེ་བས་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།

    བོད་ལུགས་གསོ་རིག་དེ་ཚད་གཞི་མི་འདྲ་བའི་སྒོ་ནས་ཏོག་གསར་གློ་ཚད་འགོག་བཅོས་ནང་ཞུགས་པས་ཕན་འབྲས་བཟང་པོ་ཐོན་ཡོད་ཅིང་། བོད་རིགས་མང་ཚོགས་ཀྱིས་ཁ་ཤུབས་རྒྱག་པ་དང་། ལག་པ་འཁྲུ་པ་སོགས་འཕྲོད་བསྟེན་གྱི་གོམས་གཤིས་སུ་གྱུར་པར་མ་ཟད། རིམས་འགོག་བསུང་སྣོད་དང་འཐུང་སྨན་གཉིས་ཀ་རྒྱ་ལུགས། ཕྱི་ལུགས་གསོ་རིག་དང་མཉམ་དུ་སྤྱོད་པའི་གདམ་ག་ཞིག་ཏུ་གྱུར། བོད་ལུགས་གསོ་རིག་གིས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱས་པས་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་འགོག་བཅོས་ཧུར་ཐག་བྱེད་པའི་དཔང་རྟགས་གསར་པ་ཞིག་ཏུ་གྱུར་ཡོད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་བོད་ལུགས་གསོ་རིག་གི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན་ཞིང་། གནའ་སྔ་མོ་ནས་ད་བར་ནད་ཡམས་ནི་མིའི་རིགས་ཀྱི་ཚེ་སྲོག་བདེ་ཐང་ལ་གནོད་འཚེ་གཏོང་བའི་དགྲ་ནག་པོ་ཞེས་པ་དེ་རེད། མི་རིགས་ཀྱི་མཆོག་ནོར་ལ་རྩིས་འོས་པའི་རྒྱ་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་དེང་རབས་མིའི་རིགས་ཀྱི་ཚན་རྩལ་བློ་གྲོས་མཚོན་པའི་ཕྱི་ལུགས་གསོ་རིག་ཚང་མ་ནི་མིའི་རིགས་ཀྱི་བདེ་ཐང་གི་སྲུང་མ་ལྟ་བུ་ཡིན་ཞིང་། གསོ་རིག་རིགས་གསུམ་གྱི་བྱེད་ཐབས་མི་འདྲ་མོད། འོན་ཀྱང་ནད་པར་ལྟ་རྟོག་བྱེད་པའི་དམིགས་ཡུལ་གཅིག་འདྲ་ཡིན་པ་རེད།

    པད་མ་སྒྲོལ་དཀར་གྱིས་གནམ་འོག་གི་སྨན་པ་ཚང་མ་ཁྱིམ་ཚང་གཅིག་གི་ཁྱིམ་ལྟ་བུ་ཡིན་ཞིང་། ད་ཐེངས་ཀྱི་ནད་ཡམས་འགོག་བཅོས་ཁྲོད་བོད་ལུགས་གསོ་བ་རིག་པའི་སྨན་པ་ཚོས་བོད་ལུགས་གསོ་རིག་དང་རྒྱ་ལུགས། ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱས་ཏེ་ནད་བསྟུན་འདེམས་སྤྱོད་དང་ལེགས་ཆ་གསབ་རེས་བྱས་པས་ཕན་འབྲས་ཆེན་པོ་ཐོན་ཡོད། བོད་ལུགས་གསོ་རིག་དང་རྒྱ་ལུགས། ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱ་རྒྱུ་ནི་རང་རྒྱལ་གསོ་རིག་ཐད་ཀྱི་ལེགས་ཆ་གལ་ཆེན་ཞིག་ཡིན་ལ་རྩ་ཆེན་རྒྱུ་ནོར་ཞིག་ཀྱང་ཡིན་པས་མཐོ་དམན་དང་བཟང་ངན་གྱི་དབྱེ་བ་ཡོད་མི་རུང་། མུ་མཐུད་ནས་ད་ཐེངས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་དེ་བོད་ཀྱི་གསོ་བ་རིག་པའི་ངོས་ནས་བརྗོད་ན་དཔྱད་ཞིབ་ཆེན་པོ་ཞིག་དང་སྦྱོང་བརྡར་ཐེངས་གཅིག འཕེལ་རྒྱས་ཐེངས་གཅིག་རེད་ཟེར་ནའང་མི་ཆོག་པ་མི་འདུག རིམས་ནད་འགོག་བཅོས་ལ་རྒྱལ་ཁ་ཐོབ་རྗེས་ངེས་པར་དུ་བོད་ལུགས་གསོ་རིག་གི་རིམས་ནད་འགོག་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་བོད་ལུགས་གསོ་རིག་གི་ལེགས་ཆའི་ཐོན་ཁུངས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རྨང་གཞིའི་ཐོག་བོད་ལུགས་གསོ་རིག་ཞིབ་འཇུག་དང་བོད་སྨན་ཞིབ་བཟོ་བྱེད་པའི་ཐད་ཚད་བརྒལ་དང་གསར་གཏོད་ཟམ་མི་ཆད་པར་བྱས་ཏེ་བོད་ལུགས་གསོ་རིག་གིས་མིའི་རིགས་ལ་བདེ་སྐྱིད་སྐྲུན་ཐུབ་པ་བྱ་དགོས་ཞེས་བཤད་པ་རེད།

    བོད་མི་རིགས་ཀྱི་གསར་གཏོད་རླབས་ཆེན་ཞིག་གི་ངོས་ནས་བརྗོད་ན། བོད་ལུགས་གསོ་རིག་ནི་བོད་རིག་གནས་ཁྲོད་ཀྱི་ནོར་བུ་དེ་ཡིན་པར་མ་ཟད། དེའི་ནང་དུ་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་བོད་མི་རིགས་ཀྱི་བདེ་ཐང་འདུ་ཤེས་དང་སྨན་པའི་ལག་རྩལ་ཡང་འདུས་ཡོད། རྙོག་འཛིང་ཆེ་བའི་དེང་རབས་ཀྱི་འཚོ་བའི་མདུན་དུ་བོད་ལུགས་གསོ་རིག་གིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་མི་དམངས་མང་ཚོགས་ལ་དཔེ་མི་སྲིད་པའི་བདེ་སྐྱིད་སྐྲུན་ཐུབ་ངེས་རེད་ཅེས་པད་མ་སྒྲོལ་དཀར་གྱིས་མུ་མཐུད་དེ་དེ་ལྟར་བཤད་དོ།། 


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་རྟོག་ཞིབ་དང་འབྲེལ་བའི་དོན་ཚན་བསྒྲུབ་རྒྱུར་སྤྲད།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།