ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

བཀྲ་ཤིས་ཀྱིས་བྲིས་ཤིང་པར་བླངས།        2020-03-20

ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

       ལོ་རྒྱུས་ཐོག་མཁས་པ་འཁྲུངས་མྱོང་བ་དང་རིག་གནས་དར་བའི་ས་ཆ་ཞིག་ཡིན་ན།དུས་ཀྱི་ཆུ་རྒྱུན་རིང་མོར་ས་ཆ་དེ་སྐད་གྲགས་ཇེ་ཆེར་གྱུར་པ་ནི། རིག་གནས་པ་ཚོ་དང་དེ་དག་གི་བློ་རིག་ལས་འཁྲུངས་པའི་རིག་གནས་ཀྱིས་མིའི་རིགས་ལ་ཕན་ནུས་ཐོགས་པའི་རྐྱེན་གྱིས་ཡིན་པ་གོར་མ་ཆག   བོད་ཀྱི་ལོ་རྒྱུས་རིག་གནས་ཐོག་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་ཕྱི་ནང་ཀུན་ལ་ཁྱབ་པ་ནི་གནས་མཆོག་དེར་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་ཤར་སྐལ་ལྡན་རྒྱ་མཚོ།དགེ་འདུན་ཆོས་འཕེལ།དོན་གྲུབ་རྒྱལ་བཅས་ཀྱིས་གཙོ་བོར་བྱས་པའི་མཁས་པ་མང་པོ་འཁྲུངས་པས་མ་ཚད།བོད་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ལ་བྱས་རྗེས་ངོམ་དུ་རུང་བ་བཞག་ཡོད་པ་རེད།བོད་ཀྱི་རིག་གནས་ལ་ཞུགས་ཏེ་ལུས་ངག་ཡིད་གསུམ་འཚོ་སྐྱོང་བྱེད་མཁན་ཞིག་ལ་མཚོན་ན་ཞབས་དཀར་པ་དང་ཤར་སྐལ་ལྡན་རྒྱ་མཚོའི་མགུར་གླུ་དང་།མཁས་དབང་དགེ་ཆོས་དང་དོན་གྲུབ་རྒྱལ་གཉིས་ཀྱི་བློ་འབྱེད་བརྩམས་ཆོས་ལྟ་ཀློག་བྱས་ཏེ་བློ་བསྐྱེད་མི་ཐོབ་མཁན་ཡོད་མི་སྲིད།ངས་ཀྱང་རིག་པ་དོན་དུ་འཚོལ་བའི་རིང་ལ་མཁས་པ་དེ་དག་གི་མི་ཚེའི་ལོ་རྒྱུས་དང་བརྩམས་ཆོས་མང་པོ་ཀློག་བཞིན།ནམ་ཉི་མ་ཞིག་ལ་ཁོང་ཚོའི་ལྟེ་ཁྲག་འཕོ་ཡུལ་གནས་མཆོག་རེབ་གོང་གི་རི་ཆུ་དང་བཅས་པ་མཇལ་སྐལ་ཐོབ་པའི་སྨོན་ལམ་ཡང་དང་ཡང་ནས་བཏབ་མྱོང་།

        2019ལོའི་དབྱར་ཟླ་བདུན་པར་མདོ་དབུས་ཁམས་གསུམ་གྱི་བོད་ཡིག་འཕྲིན་སྦྱོར་ཚོགས་འདུ་སྐབས་བཅུ་དགུ་པ་ཨ་མདོ་རེབ་གོང་ལ་འཚོགས་པས།ཡུན་རིང་པོར་སྨོན་ལམ་བཏབ་པར་འབྲས་བུ་སྨིན་ཏེ་རེབ་གོང་ལ་སོང་བ་ཡིན།རེབ་གོང་གྲོང་ཁྱེར་གྱི་ཕྱིའི་བཀོད་པ་ནི་དེང་རབས་ཀྱི་རྣམ་པ་མངོན་དུ་དོད་མོད།བོད་ཡུལ་གྱི་གྲོང་ཁྱེར་གཞན་དང་མི་འདྲ་ས་ནི་ཚོང་ཁང་དང་མགྲོན་ཁང་།ལས་ཁུངས་སོགས་ཀྱི་སྒོ་བྱང་ཐོག་ཏུ་བོད་ཡིག་གིས་འོས་འབབ་ཀྱི་ཐོབ་ཐང་ཟིན་ཞིང་།སྲང་ལམ་དུ་བོད་ཡིག་དཔེ་ཚོང་ཁང་བཞི་ཙམ་དང་།རེབ་གོང་གི་ཁྱད་ཆོས་ལྡན་པའི་གོ་རེ་བཅས་མིག་ལམ་དུ་ཤར་མ་ཐག་བག་བྲོ་བའི་སྣང་བ་ཞིག་སྐྱེས་བྱུང་།

ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

        རེབ་གོང་གྲོང་ཁྱེར་གྱི་སྒོ་བྱང་དང་འབྲེལ་ཡོད་དཔེ་ཆ་རྣམས་ལས་རེབ་གོང་དང་།རེབ་ཀོང་།རེ་སྐོང་ཞེས་ཐ་སྙད་མི་འདྲ་བ་གསུམ་ཙམ་འབྲི་སྲོལ་ཡོད་པ་ལས།དང་པོ་ནི་རེབ་གོང་གི་མདོར་རེབ་ཙ་ཚོ་བཞི་ཡོད་པའི་གོང་ན་ཆགས་ཡོད་པས་རེབ་གོང་ཞེས་པ་དང་།གཉིས་པ་ནི་བླ་མ་རིག་འཛིན་པས།སྔོན་དུས་རེབ་ཚས་བཟུང་དུས་རེབ་ལུང་ཟེར།།དེ་ནས་རྒྱ་ཡིས་བཟུང་དུས་རྒྱ་ཡུལ་ཟེར།།བར་དུ་རེབ་ཚ་ཡུལ་ཕྱོགས་གཞན་དུ་འཁྱར།།ས་ཆ་ལུང་བ་གཞན་དང་མ་འབྲེལ་བར།།ཡུལ་ཕྱོགས་ཁོལ་བུར་བྱུང་བའི་ཀོང་བུ་སྟེ།།ད་ལྟར་རེབ་ཁོང་ལུང་བ་ཞེས་སུ་གྲགས།།ཞེས་གསུངས་པ་དང་།།གསུམ་པ་ནི་ཐམས་ཅད་མཁྱེན་པ་འཇིགས་མེད་པཎྚི་ཏ་ཡིས།།རེ་བའི་སྣོད་ལ་རྫོགས་ལྡན་གྱི།།ཕུན་ཚོགས་བསྐྱིལ་བས་འདོད་པ་ཀུན།།སྐོང་བའི་མིང་དོན་ལྡན་པའི་དཔལ།།ཞེས་གསུངས་པ་ལ་བལྟས་ན་ཐ་སྙད་མི་འདྲ་བ་གསུམ་ཙམ་འབྲི་སྲོལ་བྱུང་བ་ལ་རྒྱུ་མཚན་རེ་འདྲེན་རྒྱུ་ཡོད་པ་ལས་ཅི་འདོད་གང་དགའ་ཡིས་བྲིས་པ་ཞིག་རེད་མི་འདུག

       སྤྱིར་རེབ་གོང་ནི་རོང་འབྲོག་གཉིས་ཀ་ཡོད་པའི་ས་ཆ་ཞིག་རེད་ལ།ས་ཡི་ཕུ་སྟོད་རྫ་དང་གཡའ་རིས་བཟུང་།།བར་མཐོང་ཡངས་བདེ་འཇགས་སྤང་ལྗོངས་ལྡན།།སྨད་རྫ་རོང་རི་བྲག་ནགས་ཚལ་རྒྱས།།ཞེས་པ་ལྟར་རེབ་གོང་ཡུལ་གྱི་ལུང་པ་སོ་སོ་ནས་བཞུར་བའི་ཆུ་སྣ་དགུ་འདུས་ཀྱི་དགུ་ཆུ་སྔོན་མོ་ལྷུང་ལྷུང་དུ་བཞུར་བ་ཡིས།ཕྱིའི་སྣོད་ཀྱི་འཇིག་རྟེན་ལ་གསོན་ཤུགས་སྣོན་ཞིང་ནང་བཅུད་ཀྱི་སེམས་ཅན་བྱིན་གྱིས་རློབ་པ་དང་།གྲོང་ཁྱེར་གྱི་རྒྱབ་ལ་མངོན་པར་འཕགས་པའི་བྱ་ཁྱུང་རྫ་རི་ནི་གཞི་བདག་བྱ་ཁྱུང་གི་གནས་རིར་གྲགས་ཤིང་ཕྱིའི་རྣམ་པ་ལའང་བྱ་རྒྱལ་ཁྱུང་དང་འདྲ་མོ་འདུག    དེ་ལ་རེབ་གོང་གི་ཡུལ་མི་རྣམས་ཀྱིས་ས་བརྒྱད་པ་ཐོབ་པའི་ཨ་མྱེས་བྱ་ཁྱུང་ཞེས་ལོ་རེ་ལ་མཆོད་པ་རྒྱ་ཆེན་འབུལ་སྲོལ་ད་བར་རྒྱུན་མ་ཆད།དེ་མིན་རེབ་གོང་གི་མངའ་ཁོངས་སུ་སྟག་ལུང་རྫ་རི་དང་།སེར་རྒོད་རྫ།བྱ་འདར་རྫ།དམེ་ཤུལ་ནགས་ཚལ།མདོ་བའི་ནགས་ཚལ།ཞོ་འོང་ནགས་ཚལ།བློན་ཆོས་ནགས་ཚལ།བཅུ་གཅིག་ཤེལ་གྱི་གྲུབ་གནས།སྟག་ལུང་གྲུབ་གནས།སྤྱང་གི་རྭ་རྩེ་ཕུག་པའི་གྲུབ་གནས།འདམ་བུའི་བྲག་དཀར་གྲུབ་གནས།མཐའ་སྨུག་རྫོང་གི་གྲུབ་གནས།མཁར་གོང་གྲུབ་གནས།སྐྱ་རྒན་གྲུབ་གནས།གོང་མོའི་གྲུབ་གནས་བཅས་གྲགས་ཅན་གྱི་གནའ་ཤུལ་གྲུབ་གནས་བརྒྱད་དང་།རོང་བོ་དགོན་བདེ་ཆེན་ཆོས་འཁོར་གླིང་གཙོས་པའི་དགོན་སྡེ་སོགས་བསོད་ནམས་འཁོར་བའི་རི་ཆུ་དང་གཡང་རྟེན་ཆགས་པའི་ཆོས་སྡེ་ཡིས།བློ་སྤོབས་མཐོ་ཞིང་རང་རིགས་ལ་ཞེན་པ་དཀར་བའི་མཁས་དབང་དམ་པ་མང་པོ་བསྐྱངས་པ་ལས་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་གོང་དུ་ཞུས་པ་ལས་ཕུད།ད་དུང་ལྷ་རིས་སྒྱུ་རྩལ་ལ་མཁས་པའི་སྐྱེས་ཆེན་མང་པོ་བྱོན་ཏེ་མུ་ཏིག་གི་ཐང་ག་དང་སྨན་སྐུ།རྡོ་བཟོ།ལྡེབས་རིས།ཤིང་རྐོ།མཆོད་རྟེན། རྒྱན་རིས་པ་ཏྲ། མར་རྒྱན།མགར་སོགས་ཀྱི་ཐད་ལ་འབྲས་བུ་གཞན་དྲིང་འཇོག་མི་དགོས་པ་སྨིན་པ་ནི་རེབ་གོང་སྒྱུ་རྩལ་བཤམས་སྟོན་ཁང་དུ་གསལ་པོར་མཐོང་ཐུབ་པ་ཞིག་རེད།  དེང་སང་ཡང་རེབ་གོང་སྒྱུ་རྩལ་ཞེས་མཐོ་སར་བཞག་སྟེ་མི་སེར་ཚོ་དང་ཁ་བྲལ་བ་མ་ཡིན་པར།ཆེད་ལས་སྡེ་ཁག་ཅན་དང་ཚོང་ལས་གསར་སྤེལ་གྱི་ཕྱོགས་སུ་བསྐྱོད་དེ་སྤྱི་གཉེར་ཁང་ཡང་མང་པོ་ཐོན་ཏེ།སྤྱིར་བོད་ཀྱི་རིག་གནས་སྒྱུ་རྩལ་དར་སྤེལ་དང་སྒོས་སུ་བོད་རིགས་མི་དམངས་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་དང་གཏོང་བཞིན་ཡོད་པས་རེབ་གོང་སྒྱུ་རྩལ་ཞེས་པའང་མིང་དོན་མཚུངས་པ་ཞིག་རེད་འདོད།


ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

       བོད་ཀྱི་ས་ཆ་སོ་སོར་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་ཕུན་སུམ་ཚོགས་པ་ཡོད་ལ།དེ་དག་ནི་མེས་པོ་རིམ་བྱོན་ནས་བརྒྱུད་དེ་བོད་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་དང་རིན་ཐང་ལྟ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པ་རེད།རེབ་གོང་ས་ཆ་ལའང་ལྷ་སྒྲུང་དང་གཏམ་རྒྱུད།ལ་གཞས།སྟོན་བཤད།བསང་མཆོད།འབྲས་དཀར།ཟློས་གར།འཆམ།རྟ་རྒྱུག་སོགས་དམངས་ཁྲོད་རིག་གནས་གྱ་ནོམ་པ་ཡོད་ངེས་རེད།དེ་ལས་ས་ཆ་གཞན་དང་ཐུན་མོང་མ་ཡིན་པ་ནི་དྲུག་པའི་ཀླུ་རོལ་ཞེས་པ་དེ་རེད།རེབ་གོང་བོད་མི་ཚོས་ཧོར་ཟླ་དྲུག་པ་ནི་ལྷ་ཟླ་ཆེན་མོ་ཞེས་མཆོད་པ་དང་རྩེད་མོ་སྣ་ཚོགས་ཀྱི་སྒོ་ནས་ལྷ་ཀླུ་གཉན་གསུམ་དགྱེས་པར་བྱེད་པ་ན་དྲུག་པའི་ཀླུ་རོལ་ཞེས་འབོད་པ་དང་།ལ་ལ་ཡིས་ཧོར་ཟླ་དྲུག་པ་ནི་རེབ་གོང་ས་ཆར་ལོ་ཏོག་སྨིན་པའི་དུས་བཟང་ཡིན་པས།བོད་མི་རྣམས་ཀྱིས་རྟེན་འབྲེལ་གྱི་ཆེད་དུ་གཟབ་ཆས་སྤྲས་ཏེ་གླུ་ལེན་གར་འཁྲབ་བྱེད་སྲོལ་དར་བས་དྲུག་པའི་གླུ་རོལ་ཞེས་བྲིས་མོད།དུས་ཆེན་དེའི་འབྱུང་ཁུངས་དང་ནང་དོན།གོ་རིམ་བཅས་ལ་བརྟག་ན་སྔ་མ་དེ་ཁུངས་དང་ལྡན་པ་ཞིག་རེད་འདོད།

     དྲུག་པའི་ཀླུ་རོལ་ནི་བོད་ཀྱི་གདོད་མའི་བོན་ཆོས་རིག་གནས་མཚོན་པའི་དུས་སྟོན་ཞིག་རེད་ལ།རྔ་དང་སྦུབ་ཆལ་སོགས་རོལ་མོ་སྣ་ཚོགས་དང་གར་གྱི་སྟངས་སྟབས་མི་འདྲ་བ་མང་པོས་ལྷ་དགྱེས་པར་བྱེད་པའི་ཆོ་ག་ལ་ལྷ་རྩེད་དང་།ཀླུ་དགྱེས་པར་བྱེད་པའི་ཆོ་ག་ལ་ཀླུ་རྩེད་ཅེས་ཟེར།དེ་ཡང་དྲུག་པའི་ཀླུ་རོལ་ནང་མི་སྣ་གཙོ་བོ་ནི་ལྷ་པ་ཡིན་ལ།བཤད་སྲོལ་དུ་ལྷ་པ་ནི་གནའ་ནས་རང་གི་རིགས་རུས་ཀྱི་ཐོག་ནས་ལྷ་རྒྱུད་ཡོད་པ་ཞིག་ཡིན་དགོས་པ་དང་།ལྷ་པ་དགུང་ལོ་མཐོན་པོར་ཕྱིན་ཚེ་སྤྲུལ་སྐུ་ཞིག་གི་དྲུང་དུ་ལྷ་པ་རྒན་པའི་བུ་དང་ཚ་བོར་ལྷ་སྒོ་ཕྱེ་ནས་ལྷ་པར་ཐག་གཅད་དགོས་པ་དང་།ལྷ་པ་གསར་པ་འདེམ་བྱ་ནི་བྱིས་པ་ལོ་བཅོ་ལྔ་ནས་སྐྱེས་པ་ལོ་ཞེ་བརྒྱད་བར་ཡིན་དགོས་ལ།དེ་དག་དམག་དཔོན་ཁང་དུ་བསྡུས་ཏེ་ཉིན་འགའ་ཡི་རིང་ལ་བསང་མཆོད་སོགས་ཆོ་ག་ལེགས་པར་བསྒྲུབས་རྗེས།དེའི་ནང་ལས་འགའ་རེ་ལ་ལུས་འདར་བ་སོགས་ཀྱི་རྟགས་མཚན་ཐོན་པས་མ་ཚད།དམག་དཔོན་ཁང་གི་སྒོ་ཐེམ་ནས་ལྡིང་སྟེ་ནང་ལ་འགྲོ་ཐུབ་ན་གཞི་ནས་ལྷ་པ་ངོ་མར་བརྩིས་པར་གྲགས།དེ་ནི་དེ་སྔོན་ངའི་ཕ་ཡུལ་དུ་མི་ཞིག་ལ་གློ་བུར་དུ་ཁྱད་མཚར་བའི་བྱ་སྤྱོད་ཀྱི་རྟགས་ཐོན་དུས།བླ་མའམ་སྤྲུལ་སྐུ་ཞིག་གིས་ལྷ་སྒོ་ཕྱེ་ན་དེས་རྗེས་སུ་ལྷ་འབབ་ཆོག་པས་ལྷ་པ་ཞེས་མིང་ཐོགས་པ་དང་འདྲ་མོ་རེད།

ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

    མདོ་དབུས་ཁམས་གསུམ་གྱི་བོད་ཡིག་འཕྲིན་སྦྱོར་ཚོགས་འདུ་འཚོགས་ནས་ཉིན་གསུམ་པར་ང་ཚོ་རེབ་གོང་ས་དཀྱིལ་སྡེ་བའི་དྲུག་པའི་ཀླུ་རོལ་ལ་བལྟ་རུ་སོང་བ་ཡིན།ཉིན་དེར་གནམ་ངོ་ཧ་ཅང་དྭངས་པས་ལམ་བར་དུ་མི་བརྒྱ་འགྲོ་སྟོང་འགྲོ་དང་ས་དཀྱིལ་སྡེ་བའི་ཡུལ་ལྷའི་རྒྱལ་པོ་ཡི་གནས་ཁང་གི་ར་བར་མཆོད་མཇལ་པ་དང་འཁྲབ་སྟོན་པ།ཡུལ་སྐོར་བ་སྟོང་འཛོམས་ཁྲི་འཛོམས་རེད།རེབ་གོང་ས་དཀྱིལ་སྡེ་བའི་དྲུག་པའི་ཀླུ་རོལ་ནི་ཧོར་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ནས་འགོ་ཚུགས་ཏེ་ཚེས་ཉེར་དྲུག་ཉིན་མཇུག་རྫོགས་པ་དང་།དྲུག་པའི་ཀླུ་རོལ་ཕན་ལ་གོས་མི་གོན།།རྒྱ་ལོའི་ཚེས་གཅིག་ཕན་ལ་ཟས་མི་ཟ།།དྲུག་པའི་ལྷ་ཟླ་དཀར་པོ།།ཡོད་པོས་བརྒྱ་འབུལ་སྟོང་འབུལ།།མེད་པོས་མེ་ཏོག་མཆོད་འབུལ།།རྩེད་རིགས་རྣམ་པ་སྣ་ཚོགས།།རྩེད་སྣ་མ་ཚང་མེད་པ།།བལྟས་ན་མི་མགུ་མེད་པ།།མི་དགའ་དང་ལྷ་དགའ་རེད།།ཅེས་དམངས་ཁྲོད་དུ་གྲགས་པ་ལྟར་ཀླུ་རོལ་གྱི་དུས་སུ་སྐྱེས་པ་རྣམས་ཀྱིས་ལུས་ལ་ཕྲུག་ལྭ་གྱོན།གའུ་བཏགས།འབོལ་རས་དོར་མ་གྱོན།མགོ་ལ་ཨ་མྱེས་བྱ་ཁྱུང་གི་དབུ་ཞྭའི་དབྱིབས་ཅན་གྱི་ཕྱིང་ཞྭ་གྱོན་པ་དང་།བུད་མེད་རྣམས་ཀྱིས་ལུས་ལ་ཕྲུག་ལྭ་གྱོན།རྒྱབ་ལ་དངུལ་གྱི་དུང་ཙེ་དང་མདུན་ལ་གཡུ་བྱུར་དང་གསེར་གྱི་རྒྱན་ཆ་བཏགས་ཏེ་ཡུལ་ལྷའི་རྒྱལ་པོ་བྱ་ཁྱུང་གི་གནས་ཁང་དུ་འདུས།དེ་ནས་སྐྱེས་པ་རྣམས་ཀྱིས་ཕྱོགས་བཞི་ལ་སྟག་སེང་ཁྱུང་འབྲུག་གི་དམར་དར་བཞི་བསྒྲེངས་ཏེ་ལྷ་བསང་བཏང་རྗེས།རོལ་ཆ་འབུད་རྡུང་དཀྲོལ་གསུམ་བྱས་པ་དང་བསྟུན་ནས་ཨ་མྱེས་བྱ་ཁྱུང་ལྷ་པར་ཞུགས་པར་བྱེད།ལྷ་པ་ཡིས་ལྷ་རྩེད་བྱེད་པ་དང་སྟག་ཤར་ཚོས་བྱ་ཁྱུང་གི་མཛད་པ་རྣམ་ལྔའི་ཐང་ག་དང་སྟག་སེང་ཁྱུང་འབྲུག་གི་དམག་དར་མང་པོ།མདའ་མདུང་གྲི་གསུམ་འཕྱར་ཏེ་བེ་ཧའི་གར་གྱིས་མཆོད་པ་ལན་གཅིག་བྱས་པ་དང་།སྟག་ཤར་བཞི་ཡིས་བྱ་ཁྱུང་གི་ལྷ་སྒམ་བཏེགས་ཏེ་ལྷ་རྔ་ཐོགས་པའི་ལྷ་པའི་རྗེས་སུ་འབྲངས་ཤིང་།སྟག་ཤར་གཞན་ཚོ་ཡང་རྗེས་སུ་འབྲངས་ཏེ་ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་ལྷ་སྒམ་གདན་འདྲེན་ཞུ་སྲོལ་ཡོད་པ་དེ་ནི།དྲུག་པའི་ཀླུ་རོལ་གྱི་སྔོན་འགྲོའི་ཆོ་ག་སྟེ་ཁྱིམ་ཚང་སོ་སོར་བགེགས་བར་ཆད་མི་འབྱུང་བའི་ཆེད་དུ་རེད་ཟེར།

         ས་ཆ་ཞིག་གི་དམངས་སྲོལ་རིག་གནས་ལ་ཆ་རྒྱུས་མེད་ན།ལྟད་མོ་ལྟ་བ་ཙམ་ལས་དོན་སྙིང་ཅི་འདྲ་ཞིག་ཡིན་མིན་གོ་དཀའ།ཁྱད་པར་དུ་དྲུག་པའི་ཀླུ་རོལ་ལ་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་རིག་གནས་ཀྱི་མཚོན་དོན་གཏིང་ཟབ་མོ་ཡོད་ངེས་པས།ངས་གྲོགས་པོ་འགའ་ལ་དྲིས་ཀྱང་ཚང་མས་མག་མོག་ཙམ་ལས་གསལ་པོ་ཞིག་བཤད་རྒྱུ་མི་འདུགགོང་དུ་བཀོད་པའི་སྔོན་འགྲོའི་ཆོ་གའི་སྐོར་ཡང་རྗེས་སུ་ཆ་རྒྱུས་ཡོད་མཁན་འགའ་ལ་བཀའ་འདྲི་ཞུས་པ་དང་འབྲེལ་ཡོད་ཡིག་ཆ་ལ་ཟུར་བལྟས་བྱས་རྗེས་གསལ་པོར་བྲིས་པ་ཡིན།

ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

       རྩ་འཛུགས་པ་ཚོས་བཀོད་སྒྲིག་བྱས་པ་ལྟར།ང་ཚོ་གནས་ཁང་གི་འཁྱམས་ར་ནང་བསྡད་དེ་མཐོ་ས་ནས་ཀླུ་རོལ་གྱི་ལྟད་མོར་བལྟས་ཀྱང་།རོལ་ཆ་སྣ་ཚོགས་འབུད་རྡུང་དཀྲོལ་གསུམ་བྱེད་པའི་ལྷང་ལྷང་གི་སྒྲ་ཡིས་རྣ་དབང་འཕྲོག་པ་དང་།ལྷ་པ་དང་སྟག་ཤར་རྣམས་ཀྱི་གར་གྱི་སྟངས་སྟབས་མངོན་པར་འཕྱོ་བ་ཡིས་མིག་དབང་འཕྲོག་པ་ཙམ་ལས།གར་གྱི་མཚོན་དོན་དང་རུ་སྟར་གྱི་བསྟན་དོན་ཅི་ཡང་མ་གོ་བས།ང་རང་ཡར་ལངས་ཏེ་ལྷ་པ་འདུག་སའི་ཁང་མིག་ཏུ་སོང་ནས་བཀའ་འདྲི་ཞུ་བསམས་མོད་རེ་འབྲས་མ་སྨིན།ཁང་པ་ནང་དུ་ཐང་ག་ཞིག་གི་ངོས་སུ་ས་དཀྱིལ་སྡེ་བའི་དྲུག་པའི་ལྷ་ཟླ་ཆེན་མོ་སྐབས་སུ་ལྷ་ཀླུ་གཉན་གསུམ་དགྱེས་པའི་གར་བསྒྱུར་བྱེ་བྲག་རིམ་པ་གཤམ་ལྟར།ཚེས་བཅུ་དྲུག་ཉིན་ཁྱིམ་ཚང་རེ་རེས་ཡུལ་ལྷའི་རྒྱལ་པོ་སྤྱན་དྲངས་ཏེ་མཆོད་སྦྱིན་སྣ་ཚོགས་འབུལ་བ།ཚེས་བཅུ་བདུན་ཉིན་ཐོག་མར་སྐུ་མཁར་དཔའ་ལེགས་ལ་རྩེར་ལྷ་བསང་བཏང་སྟེ་དེ་ནས་རིམ་གྱིས།༡སྟག་ཤར་རྣམས་ཀྱིས་ལག་ཏུ་ཞལ་ཐང་ཆེ་ཆུང་དང་རླུང་རྟའི་དར་མོ་ཆེ་སོགས་བཟུང་སྟེ་ཕྱོགས་བཞིར་བཀུར་བསྟི་བྱེད་པ།༢སྟག་ཤར་རྣམས་ཀྱིས་གར་སྟབས་མཆོད་པ་འབུལ་བ།༣ན་ཆུང་བུ་མོ་རྣམས་ཀྱིས་གར་གྱིས་མཆོད་པ་འབུལ་བ།༤རྔ་བརྡུང་འཆི་མེད་དགའ་བའི་ལྷའི་རྩེད་འཇོ་སྣ་ཚོགས་བྱེད་པ།༥སྟག་གདོང་གཟིག་གདོང་གཉིས་ཀྱིས་བེར་ཀའི་མཆོད་པའི་གུས་པ་དང་ལྷ་རྔའི་རོལ་མོས་གོང་མ་དགྱེས་པར་བྱ་བའི་མཆོད་པ།༦ཆུང་ལོ་གཅིག་ནས་རྒན་ལོ་བརྒྱ་བར་དུ་ཚེ་རིང་བའི་ཨ་ཙ་རའི་མཆོད་པ་འབུལ་བ།༧བཀྲ་ཤིས་བདེ་ལེགས་བརྗོད་པའི་ཀི་རོལ་ཁ་གཡང་གི་རྩེད་འཇོ་བསྒྲགས་པ།༨རྔ་རྡུང་ལྷ་ངོམ་གྱི་མཆོད་པ།༩སྟག་ཤར་དང་བུ་མོ་རྣམས་ཀྱི་འཇའ་ཚོན་འཁྱིལ་རིས་འདྲའི་ཐུགས་རྗེ་ཆེན་པོའི་ཕྱོགས་བཞིའི་གར་གྱི་མཆོད་པ།༡༠ན་ཆུང་བུ་མོ་རྣམས་ཀྱིས་གར་གྱིས་མཆོད་པ།༡༡གོང་རྒན་པ་རྣམས་ཀྱིས་བེ་ཧའི་གར་དང་ཚེ་རིང་ལོ་བརྒྱའི་ལྷའི་རྩེད་འཇོ་སྣ་ཚོགས་འབུལ་སྟངས་བྱེད་པ།གོང་རྣམས་སྔ་དྲོའི་མཆོད་པ་ཡིན།ཕྱི་དྲོ་ཕལ་ཆེ་བ་སྔ་དྲོ་ལྟར་ཡིན་མོད་ཁ་སྐོང་དུ་ཅུང་ཟད་ཡོད་པ་ནི་གཤམ་ལྟར།ལོ་ལེགས་སྐྱེས་རྒྱལ་གྱི་རྟེན་འབྲེལ་དང་ནང་སྡེ་མཐུན་པོ་ཡོང་བའི་རྩེད་མོ་ཀུ་རེའི་མཆོད་པ།ཞེས་དྲུག་པའི་ཀླུ་རོལ་གྱི་གོ་རིམ་གསལ་པོར་བཀོད་ཡོད་པས་དཔེ་ཆ་ཞིག་གི་དཀར་ཆག་ལ་བལྟས་པ་ལྟར་ནང་དོན་སྤྱི་ཁོག་ཙམ་ཤེས་བྱུང་།དེ་ནས་མུ་མཐུད་དེ་ས་དཀྱིལ་སྡེ་བའི་དྲུག་པའི་ཀླུ་རོལ་གྱི་འགོ་ནས་མཇུག་བར་ཐེངས་གཅིག་བལྟས་པ་ཡིན།གཤམ་ལ་གོང་དུ་བཀོད་པའི་རིམ་པ་རྣམས་ལས་གལ་ཆེ་བ་འགའ་ངོ་སྤྲོད་མདོར་བསྡུས་ཙམ་བྱ་རྒྱུ་ཡིན།

       ཕོ་སར་སྟག་ཤར་རྣམས་ཀྱིས་ལག་པས་ལྷ་རྔ་བཟུང་སྟེ་ཉིས་རྡུང་དང་སུམ་རྡུང་།དགུ་རྡུང་བྱེད་བཞིན་རྔ་སྒྲའི་འགྲོས་ལྟར་གཡས་གཡོན་དུ་སྐོར་བ་བརྒྱབ་ནས་ལྷ་དགྱེས་པར་བྱེད་པ་ལ་ལྷ་རྩེད་ཅེས་ཟེར།དེ་སྔོན་སྟག་ཤར་རྣམས་ཀྱི་རྒྱབ་གཞུང་དང་ཁ་དང་འགྲམ་པའི་བར་ལ་འབིག་ཁབ་འཛེར་ཏེ་དམར་མཆོད་བྱེད་སྲོལ་ཡོད་ཟེར་ཡང་རྗེས་སུ་མེད་པར་བཏང་བས་དེང་སང་ས་དཀྱིལ་སྡེ་བར་དེ་ལྟར་བྱེད་སྲོལ་མི་འདུག

       གཟབ་ཆས་སྤྲས་པའི་སྟག་ཤར་གཞོན་ནུ་དང་ན་ཆུང་བུ་མོ་རྣམས་ཀྱིས་གྲལ་སྟར་བསྒྲིགས་ཏེ་འཁར་རྔའི་སྒྲ་དང་བསྟུན་ནས་རྐང་ལག་གིས་སྟངས་སྟབས་སྣ་ཚོགས་འཁྲབ་པ་དང་།ཞོ་དང་འོ་མ་སོགས་མཆོད་པ་རྒྱ་ཆེན་པོ་འབུལ་བ་ལ་ཀླུ་རྩེད་ཅེས་ཟེར།

         ན་གཞོན་ལོ་བཅོ་ལྔ་ནས་དར་མ་ལོ་བཞི་བཅུ་བར་གྱི་སྐྱེས་པ་རྣམས་ཀྱིས་ལག་པས་དར་དམར་བཟུང་སྟེ་ཀི་ཧི་ཧི་ཞེས་ཀི་སྒྲ་འདེབས་ཀྱིན་གཡས་འཁོར་དང་གཡོན་འཁོར་བརྒྱབ་སྟེ་བརྗིད་ཉམས་བསྟན་པ་དང་།སྐབས་འགར་རི་དྭགས་རྔོན་པ་དང་མཚམས་རེར་སྟག་མཆོངས་པ།ལན་རེར་འབྲོང་རྒོད་བཏུལ་ཚུལ་འཁྲབ་པ་ལ་དམག་རྩེད་ཅེས་བྱ་སྟེ།དེ་ནི་བཙན་པོ་ཁྲི་རལ་པ་ཅན་གྱི་སྐབས་སུ་རྒྱ་བོད་བར་གྱི་འཁྲུག་འཛིང་འཇགས་ཏེ་ཞི་བདེ་ཡིས་ཆབ་སྲིད་བསྐྱང་པར་གྲོས་འཆམ་བྱུང་བས།ས་མཐའི་སྲུང་དམག་རྣམས་ཧ་ཅང་དགའ་སྟེ་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་ཡིན་པས།བོད་བཙན་པོའི་སྐབས་སུ་དམག་ནང་ཞུགས་པའི་ལོ་ཚོད་ལྟར་འཁྲབ་སྟོན་ནང་ཞུགས་མཁན་ནི་ལོ་བཅོ་ལྔ་ནས་བཞི་བཅུའི་བར་ཡིན་དགོས་ཟེར།སྲོལ་རྒྱུན་དེ་ལ་བརྟེན་ནས་ད་ལྟར་ས་དཀྱིལ་སྡེ་བའི་བོད་མི་ཚོས་ཁོ་ཚོ་ནི་བོད་བཙན་པོའི་གདུང་རྒྱུད་ཡིན་ཞེས་གཟི་བརྗིད་དུ་བརྩིས་ཏེ་ངོམ་ངོམ་བྱེད་བཞིན་འདུག 

        ཕོ་སར་ན་གཞོན་གཉིས་སྟག་དང་གཟིག་གི་རི་མོ་བྲིས་ཡོད་པའི་རྐང་ཤིང་འདོམ་གང་ཙམ་ཡོད་པ་ཞིག་གི་ཐོག་ལངས་ཏེ།  ལག་པའི་ནང་རིམ་བཞིན་དུ་དབྱུག་པ་འདོམ་གང་ཙམ་དང་ལྷ་རྔ་འབྲུག་རིས་ཅན

﹙མདུང་རྩེ་གསུམ་ཅན་དང་རལ་པ་རྫུན་ཡང་བཟུང་སྲོལ་ཡོད་ཟེར།﹚བཟུང་སྟེ་ཕྱོགས་བཞིར་སྐོར་བ་བརྒྱབ་པ་ལ་རྐང་ཤིང་འཁྲབ་ཅེས་ཟེར།བཤད་སྲོལ་ལ་དེ་ནི་རྒྱ་བོད་བར་འདུམ་འགྲིག་བྱུང་སྟེ་ས་མཐའི་བོད་མི་ཚོས་གླུ་གར་གྱིས་རྟེན་འབྲེལ་སྒྲིག་སྐབས་དར་རྒྱལ་གཡུ་མཚོ་ལས།སྟག་མགོ་ཅན་དང་གཟིག་མགོ་ཅན་གཉིས་བྱོན་ཏེ་རྐང་ཤིང་གི་ཐོག་ནས་བོད་མི་རྣམས་དང་གླུ་གར་བརྩེས་པས་རྗེས་སུ་དྲན་གསོའི་ཚུལ་དུ་མ་ཉམས་རྒྱུན་དུ་སྤེལ་བ་རེད་ཟེར།

      བྱིས་པ་ཆུང་ཆུང་རྩལ་ཡང་མོ་ཅན་གཉིས་ཀྱིས་མིག་གཉིས་འབུར་དུ་ཚུགས།ཐོད་པ་ཕྱི་ལ་བུད།རལ་པ་དཀར་པོ་ཅན་གྱི་འབག་མགོ་ཞིག་གྱོན།རྐང་ལག་གཉིས་ཀར་སིལ་སྙན་གྱི་གདུ་བུ་བཏགས།ལུས་ལ་སྨད་གཡོགས་ཐུང་ཐུང་ཞིག་གྱོན་པ་དང་།ལག་པས་དབྱུག་པ་ཚོན་རིས་ཅན་ཞིག་བཟུང་སྟེ་དེ་ལ་བརྟེན་ནས་ཡར་མཆོངས་མར་མཆོངས་དང་མགོ་རྒྱབ་ས་ལ་ཐུག་པ་སོགས་ལུས་རྩལ་རྣམ་པ་སྣ་ཚོགས་སྟོན་པ་ལ་ཨ་ཙ་ར་འཁྲབ་པ་ཞེས་ཟེར།ཨ་ཙ་ར་ཞེས་པ་ནི་གཅིག་ནི་རྒྱ་གར་གྱི་སྔགས་མཁན་རྣལ་འབྱོར་པ་ལ་གོ་བ་དང་།གཞན་ཞིག་ནི་ཟློས་གར་འཁྲབ་དུས་བཞད་གད་སློང་མཁན་ལ་གོ།དེ་མིན་ཨ་ཙ་ར་གླང་ཁྲིད་ཅེས་ཨ་ཙ་རའི་རྣམ་པ་ཅན་གྱི་ནོར་ལྷ་ཡིས་གླང་ཆེན་ནོར་བུས་བཀང་པ་ཞིག་ཁྲིད་པའི་རི་མོ་ཞིག་བོད་ཀྱི་དགོན་པ་ཁག་གི་འདུ་ཁང་སོགས་ཀྱི་ལྡེབས་རིས་སུ་བྲིས་ཡོད་པའི་རྒྱུ་མཚན་ནི།ཨ་ཙ་ར་ནི་ཚོགས་བདག་གླང་སྣའི་སྤྲུལ་པ་ཡིན་ལ།གླང་ཆེན་ནི་དེའི་བཞོན་པ་ཡིན་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་གྱི་ཆེད་དུ་ཡིན་པ་རེད་ཅེས་པ་ལ་བརྟག་ན།དྲུག་པའི་ཀླུ་རོལ་གྱི་སྐབས་སུ་ཨ་ཙ་ར་འཁྲབ་པ་ནི་ཡུལ་མི་ཚང་མ་ཚེ་རིང་ལ་རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་ཆེད་དུ་ཡིན་པར་ངེས།

         ན་གཞོན་བུ་མོ་ཚོས་སྐྲ་རྒྱབ་ལ་ལྷུག་པོར་སླས་རྗེས་གོས་ཆེན་གྱིས་འཇའ་རིས་འཚེམ་པའི་མ་གདན་ཟུར་གསུམ་མ་རིང་པོ་ཞིག་བཏགས་པ་དང་།དེའི་མགོ་ལ་བྱུ་རུའི་ཕྲ་བརྒྱབ་པའི་འབོག་སྒར་གསུམ་འཕྲེད་དུ་བསྒྲིགས་ཤིང་དཀྱིལ་དུ་ཉིས་གཤིབ་རེ་བྱས་ཏེ་ཕྲེང་ལྔའམ་དྲུག་བསྒྲིགས་ལ།མཇུག་ཏུ་འབོག་སྒར་གསུམ་བརྩིགས་བརྩེགས་ཀྱིས་བསྒྲིགས་པ་དང་།གཡས་གཡོན་གྱི་རྣ་བ་གཉིས་ཀར་བྱུ་རུའི་ཕྲེང་བ་བཏགས་པ་བཅས་གཟབ་མཆོར་སྤྲས་རྗེས།ལག་ནང་ཁ་བཏགས་བཟུང་སྟེ་འཁར་རྔའི་སྒྲ་དང་བསྟུན་ནས་ལག་པ་གཉིས་སྔོན་ལ་བསྲིངས་ཏེ་ཡར་བཀྱགས་ཙམ་དང་མར་ཕབ་ཙམ་བྱས་པ་ལ་སྐྱེས་མའི་གར་ཞེས་ཟེར།ངག་རྒྱུན་དུ་དེ་ནི་གཡུལ་ལ་ཞུགས་པའི་བོད་དམག་ཚོ་རྒྱལ་ཁ་བླངས་ཏེ་ཕྱིར་ལོག་དུས་དགའ་བསུ་ཞུ་བའི་བྲོ་གར་རེད་ཟེར།

          ན་གཞོན་ཕོ་མོ་རྣམས་ཀྱིས་འཁར་རྔའི་སྒྲ་དང་བསྟུན་ནས་ལག་པ་གཉིས་ཀ་བརྗེ་རེས་བྱས་ཏེ་ཡར་བཀྱགས་པ་དང་།ལག་པ་གཉིས་ཀ་ཕྱོགས་གཅིག་ཏུ་བཀྱགས་པ།གཡས་གཡོན་དུ་གཡུགས་རེས་བྱས་ཏེ་སྟངས་སྟབས་སྣ་ཚོགས་བསྟན་པ།མཚམས་རེར་སྐྱེས་པ་རྣམས་ཀྱིས་དུང་དཀར་བུད་པ་ལ་ཐུགས་རྗེ་ཆེན་པོ་ཞེས་བྱ་སྟེ།དེའང་བོད་དམག་རྣམས་ལ་དགའ་བསུ་ཞུ་བ་དང་ཐུགས་རྗེ་ཆེ་ཞུ་བའི་བྲོ་གར་ཞིག་ཡིན་པར་འདོད།

         གོང་དུ་བཀོད་པའི་གར་གྱིས་མཆོད་པ་འབུལ་དུས་བུ་དང་བུ་མོ་རྣམས་ཀྱིས་རྒྱན་ཆས་སྤྲས་སྟངས་ནི་བབ་ཆགས་ལ་ལུགས་དང་མཐུན་པ་ཞིག་རེད།དམག་རྩེད་ཅེས་པའི་མཆོད་པ་འབུལ་དུས་སྐྱེས་པ་རྣམས་ཀྱིས་རྨ་ཆེན་སྦོམ་ར་ཡི་དབུ་ཞྭ་རེད་ཅེས་ཏོག་ལ་དར་སྐུད་དམར་པོས་བརྒྱན་པའི་ཕྱིང་ཞྭ་རེ་གྱོན་པ་ནི་དངོས་གནས་རྫིག་ཉམས་ལྡན་པ་ཞིག་རེད།སྐྱེས་པ་རྣམས་ཀྱིས་ལག་ཏུ་བཟུང་བའི་ལྷ་རྔའི་ངོས་སུ་ནོར་བུ་མེ་འབར་གདོང་གསུམ་དང་གདོང་དྲུག  གདོང་དགུ གདོང་བཅུ་གཅིག་ཅན་གྱི་རི་མོ་འདུག   ན་གཞོན་ཕོ་མོ་ཚང་མས་གར་གྱིས་མཆོད་པ་འབུལ་དུས་རྔ་རྡུང་སྟངས་དང་སྐོར་བ་རྒྱག་སྟངས།གྲལ་སྒྲིག་སྟངས་བཅས་ལ་འགྱུར་བ་རྣམ་པ་སྣ་ཚོགས་ཏེ་སྐབས་འགར་སྒོར་སྒོར་རྔ་འདྲ་མོ་དང་།མཚམས་མཚམས་སུ་གཡུ་འབྲུག་འཁྱུག་པ་འདྲ་བོ།ལན་རེར་གྲུ་བཞི་རུ་དཔུང་ནང་བཞིན་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་རེད། ཁྱད་པར་དུ་ཞུ་འོས་པ་ཞིག་ནི་བྱིས་པ་ཚོས་ཀྱང་བོད་གོས་གྱོན།རྒྱན་ཆ་བཏགས་ཏེ་གྲལ་ནང་ཞུགས་ཏེ་ཀླུ་རོལ་ལ་བརྩེས་པ་ནི་གཟུགས་མེད་རིག་གནས་ཤུལ་བཞག་དེ་རྒྱུན་འཛིན་བྱེད་སྟངས་ཡག་ཤོས་ཤིག་རེད་དྲན་བྱུང་།དེ་མིན་དྲུག་པའི་ཀླུ་རོལ་གྱི་སྐབས་སུ་ལྷ་པས་སྡེ་བ་ནང་གི་རྐུ་གཡོ་འཕྲོག་གསུམ་བྱས་མྱོང་བའི་མི་རྣམས་ཀྱི་བྱ་སྤྱོད་ངན་པ་ཐེར་འདོན་བྱས་ཏེ་འགྱོད་བཤགས་བྱེད་བཅུག་སྲོལ་ཡང་ཡོད་པར་གྲགས།

        དེ་སྔོན་ཡིན་ན་ས་དཀྱིལ་སྡེ་བར་ལྕགས་ཁབ་རྣོན་པོས་ཕོ་ལོ་ཉེར་ལྔ་ནས་སོ་ལྔ་བར་གྱི་ཁ་དང་འགྲམ་པའི་བར་ཕུག་པ་དང་རྒྱབ་ཕུག་པ།ར་ལུག་གི་སྐེ་བཅད་ནས་དམར་མཆོད་བྱེད་སྲོལ་ཡོད་ཀྱང་རྗེས་སུ་རྒྱུན་བཅད་པས་དེའི་སྐོར་གྱི་ལྟད་མོ་མཐོང་མ་བྱུང་ཡང་།རེབ་གོང་གླིང་རྒྱ་ས་ཆའི་དྲུག་པའི་ཀླུ་རོལ་ནང་དེའི་སྐོར་ཉུང་ངུ་ཙམ་མཐོང་སྐལ་བྱུང་བས་གཤམ་ལ་ཞུ་རྒྱུ་ཡིན།

       ཉིན་དེར་ས་དཀྱིལ་སྡེ་བའི་དྲུག་པའི་ཀླུ་རོལ་གྱི་ལྟད་མོར་ལྟ་བཞིན་རྒྱུས་ཡོད་པའི་མི་སྣ་རྣམས་ལ་བཀའ་འདྲི་ཞུས་པ་དང་།འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་ཆར་བལྟས་ཏེ་ད་སྔོན་མཐོང་མ་མྱོང་བའི་དུས་ཆེན་དེར་ཆ་རྒྱུས་ཆུ་ཐིགས་ཙམ་ལོན་པས།ཚོང་པས་རྒྱ་མཚོ་ལས་ནོར་བུ་རྙེད་པ་ལྟར་དགའ་སྤྲོ་སྐྱེས་ཀྱང་།ངལ་གསོ་བའི་དུས་ཚོད་མང་པོ་ཤོར་བ་དང་རྒྱུ་ནོར་འགྲོ་སོང་ཆེ་བ།ཞིབ་འཇུག་ཅི་ཐུབ་བྱེད་དགོས་པ་བཅས་ཀྱི་དཀའ་ངལ་ལ་མ་འཛེམས་པར་རང་ཡུལ་རང་གིས་བསྐོར་བའི་ཡིག་འབྲི་པ་ཞིག་ལ་མཚོན་ན།རེབ་གོང་རིག་པའི་འབྱུང་གནས་ཀྱི་ཆུ་ཐིགས་ཙམ་གྱིས་ཡིད་མ་ཚིམ་པས་མུ་མཐུད་ནས་ཉིན་གཉིས་ཀྱི་རིང་ལ་རེབ་གོང་ཞོ་འོང་དཔྱིས་ན་ཡོད་པའི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་འཁྲུངས་གཞིས་དང་ཞུན་ཧྭ་རྫོང﹙ཡ་རྫི་རྫོང﹚གི་བིས་མདོ་ཡུལ་ཚོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་འཁྲུངས་ས།རྡོ་སྦིས་ཡུལ་ཚོར་དགེ་བཤེས་ཤེས་རབ་རྒྱ་མཚོའི་འཁྲུངས་གཞིས་བཅས་རིམ་པར་མཇལ་རྗེས་སླར་རེབ་གོང་གླིང་རྒྱ་ས་ཆར་ལོག་སྟེ་དེ་གའི་དྲུག་པའི་ཀླུ་རོལ་ལ་བལྟ་རུ་སོང་བ་ཡིན།

ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

        ཡ་རྫི་རྫོང་ནས་ཕྱིར་ལོག་སྟེ་རེབ་གོང་གླིང་རྒྱ་ས་ཆའི་རི་ཞོལ་མ་སྡེ་བར་སླེབས་དུས།ཡུལ་མི་རྣམས་ཀྱིས་ཀླུ་རྩེད་ལ་གྲ་སྒྲིག་བྱེད་པའི་སྒང་རེད།དེ་ཡང《རྨ་ལྷོའི་དམངས་ཁྲོད་རིག་གནས་དཔེ་ཚོགས་གསེར་གྱི་ཐང་མ》ནང་བཀོད་པའི་ངག་རྒྱུན་ལྟར་ན།གནའ་སྔོན་མར་གླིང་རྒྱ་ས་ཆར་ཞིང་ཡོད་ནའང་ཆུ་འདྲེན་ཐབས་མེད།སྡེ་བའི་ཡར་ཕྱོགས་ན་ཤིང་སྡོང་ཆེན་པོ་ཞིག་ཡོད་པ་དེའི་རྩ་ན་ཀླུ་གནས་པའི་ཆུ་འགོ་ཞིག་ཀྱང་ཡོད།གླིང་རྒྱ་མ་རུ་སྡེ་བའི་ཨ་མྱེས་ཨ་ལ་ཀོ་ཞེས་པ་དེས་རྒྱུན་དུ་ཆུ་འགོ་དེ་ལ་ཀླུ་བསང་ཕུལ་བ་དང་།བྱིས་པ་རྣམས་ཁྲིད་ནས་ཆུ་རྩེད་བྱས་ཏེ་ཆར་པ་ཕབ་པས་ཁོང་འདས་རྗེས་བུ་ཚ་རྣམས་ཀྱིས་ཀྱང་དེ་ལྟར་བྱས་པས་མ་ཚད།ཆུ་རྐ་ལས་ཏེ་ཆུ་དེ་ཞིང་ཁར་དྲངས་རྗེས་ཞིང་ཆུ་དྲངས་ཐུབ་པའི་སྡེ་བ་ཚང་མས་ཀླུ་ལ་མཆོད་པ་འབུལ་བའི་ཆོ་ག་དེ་སྒྲུབ་སྲོལ་ཆགས་ཀྱང་།ཆུ་འགོར་ཀླུ་རྩེད་བྱས་ན་རྒན་རྒོན་རྣམས་ལ་སྟབས་མི་བདེ་བས་རྗེས་སུ་ཆུ་འགོ་ནས་སྤོས་ཏེ་སྡེ་བ་སོ་སོ་ན་རྩེ་སྲོལ་ཆགས་པ་རེད་ཟེར།

སྤྱིར་གླིང་རྒྱ་ས་ཆར་སྡེ་བ་བདུན་ཡོད་ལ་ཐེངས་འདིའི་ཀླུ་རྩེད་ནི་རི་ཞོལ་མའི་སྡེ་བར་སྤེལ་གྱིན་འདུག་མོད།སྡེ་བ་བདུན་ལས་ས་སོ་མ་སྡེ་བ་ནི་ཀླུ་རྩེད་ནང་ཐེ་མ་རེད་ཟེར།དེ་མིན་གྱི་སྡེ་བའི་མི་རྣམས་ལྷ་ཁང་གི་འགྲམ་གྱི་ཐང་ཆེན་དུ་འཛོམས་ནས་བསང་ཆེན་པོ་ཞིག་ཕུལ་བའི་བསང་དུ་གཡུ་འབྲུག་ལྟར་ནམ་མཁར་འཁྱིལ་ཞིང་།ཕྱོགས་བཞི་མཚམས་བརྒྱད་དུ་ཁ་བ་བབ་པ་ལྟ་བུའི་རླུབ་རྟ་སྤུངས་འདུག    ཐང་ཆེན་གྱི་དཀྱིལ་དུ་རྩེ་མོར་གཞི་བདག་གི་ཞལ་ཐང་བཏགས་པའི་གདུང་མ་ཕྲ་མོ་རིང་པོ་ཞིག་བཙུགས་ཡོད་ལ།ལོ་བཅོ་ལྔ་ནས་སུམ་ཅུ་བར་གྱི་ན་གཞོན་རྣམས་ཀྱིས་གདུང་མའི་མཐའ་ལ་ཕྱི་སྐོར་དང་ནང་སྐོར་བཅས་སྐོར་ར་གཉིས་བརྒྱབ་པ་དང་།དེ་ཚོའི་དཀྱིལ་ན་ཨ་མྱེས་རྨོག་པ་དང་ཨ་མྱེས་ལྷ་རི་ཞེས་པའི་ལྷ་པ་གཉིས་འདུག   ལྷ་རི་ཞེས་པ་ནི་གླིང་རྒྱ་ས་ཆ་སྤྱིའི་གཞི་བདག་དང་རྨོག་པ་ཞེས་པ་ནི་སྡེ་བ་རི་གོང་མ་དང་རི་ཞོལ་མ་གཉིས་ཀྱི་གཞི་བདག་ཡིན་པས་དེ་ནི་སོ་སོའི་གཞི་བདག་ཞུགས་པའི་ལྷ་པ་གཉིས་རེད་འདུག   ན་གཞོན་རྣམས་ཀྱིས་མགོ་ལ་པགས་རས་དཀྲིས།   ལུས་ལ་ལྭ་བ་མདོག་མི་འདྲ་བ་ཉིས་བརྩེགས་གྱོན།རྐང་མགོ་ལ་ལྷམ་དཀར་པོ་རེ་གྱོན།བྱིན་པ་ལ་བྱིན་དཀྲིས་རེ་དཀྲིས།ལག་ནང་དར་རྩེ་དཀར་སེར་དམར་ལྗང་བཏགས་པའི་ཤིང་གི་སྟེའུ་དང་ལྕགས་ཀྱི་ཁབ་འབིག་རེ་བཟུང་སྟེ་གཞི་བདག་གི་ཞལ་ཐང་བཀལ་ཡོད་པའི་གདུང་མ་རིང་པོ་དང་ལྷ་པ་གཉིས་ཕྱི་སྐོར་གཅིག་དང་ནང་སྐོར་གཅིག་བྱས་ཏེ་སྐོར་ར་བརྒྱབ།དེ་ལས་ནང་སྐོར་བྱེད་མཁན་ནི་ཐེངས་འདིའི་ཀླུ་རྩེད་རྩ་འཛུགས་བྱེད་མཁན་གྱི་སྡེ་བའི་ན་གཞོན་རྣམས་དང་།ཕྱི་སྐོར་རྒྱག་མཁན་ནི་དེ་མིན་གྱི་སྡེ་བའི་ན་གཞོན་ཚོ་རེད་ཟེར།ཨ་མྱེས་རྨོག་པ་ཞེས་པའི་ལྷ་པ་དེས་ལྷ་རྔའི་སྒྲ་དང་བསྟུན་ནས་གར་གྱི་མཆོད་པ་དང་བདུད་རྩིའི་མཆོད་པ་ཕུལ་ཚར་རྗེས།ལྕགས་ཁབ་ཀྱིས་རིམ་བཞིན་དུ་ན་གཞོན་ཚོའི་གཡོན་ཕྱོགས་ཀྱི་ཁ་དང་འགྲམ་པའི་བར་ཕུག་པ་དང་།དེ་ནས་ཏོག﹙གཞི་བདག་གི་ཐང་ག་བཏགས་ཡོད་པའི་གདུང་མ་རིང་པོ་ཞིག﹚གི་དྲུང་དུ།ལག་ནང་སྤུ་གྲི་རྣོན་པོ་ཞིག་བཟུང་སྟེ་གར་གྱིས་མཆོད་པ་ཕུལ་ཚར་མ་ཐག    ཏོག་ལ་འཛེགས་ཏེ་རང་གི་ཐོད་པར་གྲི་བརྒྱབ་སྟེ་རྨ་ཁ་ལས་བཞུར་བའི་དམར་ཆིལ་ལེའི་ཁྲག་རྣམས་རང་གི་ཁ་ངོ་དང་གཞི་བདག་གི་ཞལ་ཐང་ལ་བསྐོས་ཏེ་དམར་མཆོད་བྱས།

        དེ་ལྟར་ཐང་ཆེན་དུ་ཀླུ་རྩེད་བརྩེས་ཚར་རྗེས་ན་གཞོན་ཞིག་གིས་ཏོག﹙གཞི་བདག་གི་ཞལ་ཐང་བཏགས་ཡོད་པའི་གདུང་མ་རིང་པོ་ཞིག﹚དེ་བཀྱགས།ཨ་མྱེས་ལྷ་རི་ཞེས་པ་དེས་གར་གྱི་སྟངས་སྟབས་དང་བཅས་རི་ཞོལ་མ་སྡེ་བ་དང་མ་རུ་སྡེ་བའི་དུད་ཁ་སོ་སོའི་སྒོ་ཁར་ཕེབས་དུས།དུད་ཁ་ཚང་མས་རང་རང་གི་སྒོ་ཁར་བསང་བཏང་བ་དང་།ཆང་དང་འོ་མ།ཁ་བཏགས།གོས་ཆེན་བཅས་ཀྱི་མཆོད་པ་ཕུལ་ཏེ་མཐར་མ་རུ་སྡེ་བར་འཛོམས་ཏེ་གར་གྱིས་མཆོད་པ་འབུལ་བར་བྱས་སོ།།

ཨ་མདོ་རེབ་གོང་གི་དྲུག་པའི་ཀླུ་རོལ།

   ངའི་གྲོགས་པོ་དཔལ་ལྡན་བཀྲ་ཤིས་ཀྱིས་གླིང་རྒྱ་ས་ཆར་བོད་མི་སྤྱིའི་ལུགས་ལྟར།དུས་རྒྱུན་གཉེན་ཉེ་རིགས་བར་དང་ལོ་ལོན་རྒན་རྒོན་རྣམས་ཀྱི་དྲུང་དུ་ཕོ་མོའི་བར་གྱི་བརྩེ་དུང་མཚོན་པའི་སྐད་ཆ་ལྟ་ཅི།ལ་གཞས་ཀྱང་ལེན་སྲོལ་མེད་མོད།དྲུག་པའི་ཀླུ་རོལ་གྱི་དུས་སུ་ལོ་ཆུང་ཚང་མ་མཉམ་དུ་འཛོམས་ཏེ་ཁ་བཤགས་རྩེ་བ་དང་།ལ་གཞས་ལེན་པ།བྲོ་འཁྲབ་པའི་ལུགས་སྲོལ་ཡོད་ཟེར།

         རེབ་གོང་རིག་པའི་འབྱུང་གནས་ཀྱི་ས་ཆ་སོ་སོའི་དྲུག་པའི་ཀླུ་རོལ་ནི་ཕལ་ཆེར་ཟླ་བ་དྲུག་པ་ཡིན་ཡང་།ཚེས་གྲངས་ཀྱི་ཐད་ནས་འདྲ་མི་འདྲ་འདུག་ལ།རྩེད་རིགས་ལས་ས་ཆ་འགའ་ཞིག་གིས་ལྷ་རྩེད་གཙོ་བོར་བྱེད་པ་དང་།འགའ་ཤས་ཀྱིས་ཀླུ་རྩེད་གཙོ་བོར་བྱེད་པ།ལ་ལ་ཡིས་དམག་རྩེད་གཙོ་བོར་བྱེད་པ་བཅས་སྤྱིའི་འབྱུང་ཁུངས་དང་ནང་སྙིང་འདྲ་ཡང་།བྱེ་བྲག་རང་རང་སོ་སོ་ལ་ཁྱད་ཆོས་ཡོད་པ་ཞིག་རེད།ཡིན་ན་ཡང་།དུས་ཚོད་ཐུང་ཐུང་ནང་ངས་ས་ཆ་ཚང་མའི་དྲུག་པའི་ཀླུ་རོལ་ལ་ཆ་རྒྱུས་ལོན་ཐབས་མེད་པས།ས་དཀྱིལ་སྡེ་བ་དང་གླིང་རྒྱ་ས་ཆའི་ལྷ་རྩེད་དང་དམག་རྩེད།ཀླུ་རྩེད་སོགས་ལས་ཆུ་ཡི་ཐིགས་པ་ཙམ་ཡི་གེར་ཕབ་སྟེ་ངའི་ཀློག་པ་པོ་རྣམས་ལ་ཕུལ་བ་ཡིན།རེད་དེ།ལ་ལས་རིག་གནས་ཞེས་པ་ནི་མཁས་པ་རྣམས་ཀྱིས་བློ་རིག་པ་དཀྲུགས་ནས་འཁྲུངས་པའི་གཏིང་ཟབ་ལ་རྒྱ་ཆེན་པོ་མཆན་འགྲེལ་བརྒྱབ་དཀའ་བ་ཞིག་ལ་གོ་བ་ལས།དམངས་ཁྲོད་དུ་མི་སེར་ཚོས་རང་མོས་ཀྱིས་རྒྱུན་དུ་འཛིན་བཞིན་ཡོད་པ་དེ་དག་ནི་ལུགས་སྲོལ་ཙམ་དུ་བརྩིས་པ་དང་།ཐ་ན་ལུགས་སྲོལ་དེ་དག་ནི་རྨོངས་དད་དང་གདུག་རྩུབ་ཀྱི་བྱ་སྤྱོད་དུ་འདོད་སྲིད་པ་ནི་ང་བོད་པ་ཡིན་པས་ཆ་རྒྱུས་ཡོད་མོད།དམངས་སྲོལ་རིག་གནས་ཀྱི་ལྟ་བ་ལྟར་ན།མེས་པོ་ནས་བརྒྱུད་པའི་དམངས་ཁྲོད་རིག་གནས་དེ་དག་གིས་བུ་རབས་ཚ་རྒྱུད་རྣམས་ལ་རང་ཉིད་གང་ནས་འོངས་ཚུལ་བརྡ་སྤྲོད་དེ།མེས་པོ་ནས་བརྒྱུད་པའི་རི་ཆུའི་བཀའ་དྲིན་དྲན་ཤེས་སུ་བཅུག་པས་མ་ཚད།མི་སེམས་གོང་བུར་གཅིག་སྒྲིལ་དང་ནང་ཁུལ་འཁྲུག་སྦྱོར་འདུམ་འགྲིག་ལ་ཕན་ཐོགས་ཀྱིན་ཡོད་པས།དེ་དང་དེ་ལྟ་བུའི་དམངས་ཁྲོད་རིག་གནས་རྣམས་ཆགས་སའི་ཁོར་ཡུག་བཟང་པོ་ཞིག་འཛིན་ཐུབ་པ་དང་།བརྒྱུད་འཛིན་བྱེད་མཁན་གྱི་བུ་རབས་ཚ་རྒྱུད་མང་པོ་གསོ་ཐུབ་ན་ང་ཚོས་མི་ཚེ་འདི་ལ་གོ་ཞིག་ཆོད་པ་མིན་ནམ།།


  • ལེ་ཚན་སྔོན་མ།:གསེར་ཐར་འབྲོག་པས་གནམ་གཤིས་རྟག་ཚུལ་རྒན་པོའི་བརྗེད་ཐོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།