ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བཞི་པ་གཙོ་སྐྱོང་གནང་།

        2017-04-25

མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། སྤྱི་ཟླ4ཚེས18ཉིན་གྱི་ཕྱི་དྲོར།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི།   ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི།  ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བཞི་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ་རེད།

ཁོང་གིས་ལྟ་སྐུལ་ཞིབ་བཤེར་ནི་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བཅོས་བསྒྱུར་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་སྟེ་ནུས་ཤུགས་དེ་བས་མང་བ་བཏོན་ནས་ལྟ་སྐུལ་ཞིབ་བཤེར་གྱི་ཕན་འབྲས་འདྲི་རྩད་ལ་དམ་འཛིན་དང་། ལྟ་སྐུལ་ཞིབ་བཤེར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱ་སྐྱེད་བཅས་བྱས་ཐོག གནད་ཁྱོན་ཟུང་འབྲེལ་དང་སྣ་མང་མཉམ་འཛིན་གྱིས་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལས་ཕྱོད་ཆེ་རུ་གཏང་དགོས་པའི་ནན་བཤད་གནང་བ་རེད།

ཚོགས་འདུའི་ཐོག《སྲིད་ཇུས་ཀྱི་མ་ལག་འཛུགས་སྐྱོང་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་དཔེ་གསར་སྐྱེད་སྲིང་བྱ་རྒྱུའི་སྐོར་གྱི་བསམ་འཆར》དང་། 《ཁེ་ལས་པའི་སྙིང་སྟོབས་ལ་སྔར་བས་སྐུལ་མ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》 《སྨན་རྫས་དཀོན་པོ་མཁོ་འདོན་བྱེད་པའི་འགན་ལེན་ལམ་སྲོལ་བཅོས་བསྒྱུར་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་སྐབས་ཁྲིམས་འགལ་གྱི་དཔང་རྟགས་མེད་པ་བཟོ་བའི་གནད་དོན་དུ་མའི་སྐོར་གྱི་གཏན་འབེབས》 《བཙོག་དངུལ་གཙང་སྒྱུར་དང་། འཇིགས་སྐུལ་གྱི་མ་དངུལ་བསྡུ་སྒྲིལ། ཁྲལ་སྐུང་བཅས་ལ་ངོ་རྒོལ་བྱེད་པའི་ལྟ་སྐུལ་དོ་དམ་གྱི་སྒྲིལ་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་འཁུར་བར་གདེང་འཇོག་བྱེད་ཐབས》 《ཕྱི་རྒྱལ་གྱི་གད་སྙིགས་རྒྱལ་ནང་དུ་འདྲེན་རྒྱུར་བཀག་འགོག་བྱས་ཏེ་སྲ་གཟུགས་ཟོག་རོ་ནང་འདྲེན་བྱེད་པའི་དོ་དམ་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ད་དུང་ཚོགས་འདུའི་ཐོག《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཆེད་དོན་ཚོགས་ཆུང6གིས་བཅོས་བསྒྱུར་ལྟ་བཤེར་ལས་དོན་སྤེལ་ཚུལ་སྙན་ཞུར》གྲོས་ཞིབ་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན།   ལྟ་སྐུལ་ཞིབ་བཤེར་བྱེད་པར་གཅིག་ནས་བཅོས་བསྒྱུར་གྱི་ལས་འགན་གཙོ་བོར་དམ་འཛིན་བྱེད་དགོས་པ་དང་།   ཕྱོགས་གཞན་ཞིག་ནས་ཁྱོན་གྱི་བཅོས་བསྒྱུར་ལས་དོན་དང་ལྷག་པར་དུ་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་བཅོས་བསྒྱུར་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་དམ་འཛིན་བྱེད་དགོས།   དྲང་ཕྱོགས་ཀྱི་དཔེ་མཚོན་ལ་དམ་འཛིན་བྱེད་མཁས་པོ་བྱས་ཏེ་དུས་ཐོག་ཏུ་གཞི་རིམ་གྱི་གསར་གཏོད་བྱེད་ཐབས་དང་ཉམས་མྱོང་ཤེས་རྟོགས་དང་ཕྱོགས་སྡོམ་བྱེད་པ་དང་གནད་ཀྱིས་ཁྱོན་འཁྲིད་པ་དང་བཅོས་བསྒྱུར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་པར་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱས་ཏེ་ལྟ་སྐུལ་ཞིབ་བཤེར་གྱི་ལས་ཆོད་ཆེ་རུ་གཏོང་དགོས།   དོན་དངོས་དང་གཞི་རིམ་དུ་ཟབ་བསྐྱོད་ཀྱིས་གནད་དོན་ཁ་ཤས་ཞིབ་བཤེར་ཐག་གཅོད་མཐར་ཕྱིན་པ་བྱེད་དགོས།   བཅོས་བསྒྱུར་གལ་ཆེན་དང་རྙོག་འཛིང་ཆེ་བའི་གནད་དོན་ལ་དགོས་ངེས་སྐབས“བསྐྱར་ཞིབ”བྱེད་དགོས།   ལྟ་སྐུལ་ཞིབ་བཤེར་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་ལ་ཞིབ་འཇུག་དང་གསེད་བཀྲོལ་བྱས་ནས་གནད་དོན་དང་འགན་འཁྲིའི་རྩིས་ཁྲ་བཟོས་ཐོག་དུས་བཀག་བླང་བྱ་ཁ་གསལ་བཟོས་ཏེ་གནད་དོན་གང་ཞིག་ཡོད་པ་དེ་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སུའི་གནད་དོན་ཡིན་པ་དེས་དག་ཐེར་གྱི་འགན་ཁུར་དགོས་པ་དང་དུས་མཚུངས་དཔེ་བཞག་རིགས་འགྲེ་བྱས་པ་དང་གནད་ཀྱིས་ཁྱོན་ལ་ཁྱབ་པ་བྱས་ནས་ཁྱབ་ཁོངས་དེ་བས་ཆེ་བར་བཅོས་སྒྲིག་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།   འགན་འཁྲིའི་བྱེད་པོར་དམིགས་པ་དང“འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ཏེ་དོན་འཁྱོལ་ཡག་པོ་མ་བྱུང་བ་དང་བཅོས་སྒྲིག་དོན་ཐོག་ཏུ་མི་འཁྱོལ་བར་འགན་འཁྲི་བདའ་འདེད་གཏོང་དགོས།  སྣེ་ཁྲིད་སྡེ་ཚན་དང་ས་གནས་ནི་སྒྱུར་བཅོས་ལ་དམ་འཛིན་བྱེད་པའི་འགན་འཁྲིའི་བྱེད་པོ་ཡིན་པས།  སྒྱུར་བཅོས་རང་བཤེར་ལ་ཤུགས་སྣོན་བརྒྱབ་ནས་དུས་བཀག་བཞིན་སྒྱུར་བཅོས་དོན་འཁྱོལ་བྱས་ཚུལ་ལ་རྗེས་སྙེག་དང་སྙན་ཞུ་འབུལ་དགོས། ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ནས་མཉམ་ཤུགས་ཆགས་པ་བྱེད་དགོས།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་དཔྱིད་ཀར་སྡོང་ཕྲུག་འཛུགས་པར་བྲེལ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་བོད་འབྲེལ་ཕྱི་དོན་ཕྱིར་སྡོད་རང་མིའི་ལས་དོན་དང་ཐའེ་ཝན་ལས་དོན་གྱི་ཚོགས་འདུ་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།