རྫོང་ཨུའི་ཧྲུའུ་ཅིའི་མཛད་འཕྲིན་འདི་འདྲ་ཞིག

དབལ་ཤུལ་ཕུན་ཚོགས་དང་ཐུབ་བསྟན།        2017-04-24

རྫོང་ཨུའི་ཧྲུའུ་ཅིའི་མཛད་འཕྲིན་འདི་འདྲ་ཞིག

སྤྱི་ཟླ༤པའི་ཚེས༢༡ཉིན། གསར་འགོད་པས་དཀར་མཛེས་རྫོང་གི་ཐང་ཆེན་རྙིང་པར་མི་ཚོགས་ཀྱིས་ཁེངས་ཤིང་ཞིང་འབྲོག་དམངས་ཁ་ཤས་འགྱིག་བཟོས་རྐུབ་སྟེགས་མང་པོའི་སྟེང་དུ་ཅི་ཞིག་ལ་རེ་སྒུག་བྱེད་ཀྱི་ཡོད་པ་ལྟར་གྲལ་བསྟར་བསྒྲིགས་ནས་བསྡད་ཡོད་པ་དང་། ཞིང་འབྲོག་དམངས་ཁ་ཤས་ཀྱིས་འཚང་ཁ་བརྒྱབ་ནས་ལས་སྒྲུབ་པ་ཞིག་གི་མདུན་དུ་མིང་ཐོ་འགོད་ཀྱི་ཡོད་པ་་མཐོང་། ཐང་དཀྱིལ་དུ་རྫོང་ཨུའི་ཧྲུའུ་ཅིའི་ཞུ་གཏུག་དང་ལེན་ཆེན་པོ་ཞེས་པའི་ཡིག་འབྲུ་ཁ་ཤས་འཕྲེད་འགེལ་བྱས་ཡོད་པ་མཐོང་ཚེ་གཞི་ནས་རྫོང་འདིའི་ཧྲུའུ་ཅི་ལེ་ཅན་ཕིང་གིས་ཡུལ་དངོས་སུ་གཞུང་དོན་བསྒྲུབས་ཏེ་མང་ཚོགས་ཀྱི་ཞུ་གཏུག་དང་ལེན་བྱེད་ཀྱི་ཡོད་པ་གཞི་ནས་ཤེས། དེ་རིང་ནི་ཞུ་གཏུག་དང་ལེན་གྱི་ཉིན་གསུམ་པ་དེ་ཡིན་པ་རེད།

ང་ཚོ་ནི་བཀའ་ལ་ཡུལ་ཚོའི་གྲོང་མི་ཡིན། ང་ཚོས་ངེད་ཡུལ་ཚོའི་ཧྲུའུ་ཅི་དང་སྡེ་དཔོན་གྱིས་ངེད་དུད་ཚང་དྲུག་ལ་ཕྱོགས་རེས་བྱས་པའི་གནས་ཚུལ་ཧྲུའུ་ཅི་ལ་ཞུས་ཡོད། ཁོང་གིས་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་དང་ཐོད་གཏུག་བྱས་ནས་ཐག་གཅོད་བྱ་རྒྱུ་ཁས་ལེན་སོང་། ད་བློ་བདེ་ཐལ་ཞེས་གྲོང་མི་ཉི་མ་གཡུ་སྒྲོན་སེམས་དགའ་ཐག་ཆོད་ནས་དེ་ལྟར་བཤད་པ་རེད།

རྫོང་ཨུའི་ཧྲུའུ་ཅིའི་མཛད་འཕྲིན་འདི་འདྲ་ཞིག

སྲིབ་ངོ་ཡུལ་ཚོའི་གྲོང་སྡེ་དང་པོའི་བསོད་ནམས་དབང་འདུས་ཀྱིས་ངེད་ཚང་གིས་ཐང་ག་གཙོ་བོར་བྱས་པའི་ལོ་ཆུང་ལག་རྩལ་གསོ་སྦྱོང་རྟེན་གཞི་ཞིག་བཙུགས་ཡོད། ཁ་ནུབ་ཧྲུའུ་ཅིས་དམངས་ཀྱི་ཞུ་གཏུག་དང་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་གོ་རྗེས་མིང་ཐོ་འགོད་ས་ཡོང་བ་ཡིན། གཙོ་བོ་ནི་ལས་གཞིའི་ཐད་ཀྱི་རྒྱབ་སྐྱོར་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པའི་རེ་ཞུ་བྱས་ཀྱང་དུས་ཡུན་རིང་པོར་གཏམ་ལན་མེད་པའི་སྐོར་གྱི་གནས་ཚུལ་ཞུ་གཏུག་བྱ་རྩིས་ཡོད་ཅེས་བཤད་པ་རེད།

ང་རང་གིས་བཟའ་ཟླ་ཁྲིད་དེ་རྫོང་གི་སྨན་ཁང་དུ་ནད་ལྟ་སར་ཡོང་བ་ཡིན། རྫོང་ཐོག་སླེབས་དུས་གནས་ཚུལ་འདི་འདྲ་ཞིག་ཡོད་པ་ཤེས་བྱུང་། ཆེད་དུ་ལྟ་སར་ཡོང་བ་ཡིན། མ་གཞིར་ངེད་གྲོང་པའི་དུད་ཚང་བཅུ་གཉིས་ལ་ད་བར་དུ་གློག་མེད་པའི་གནས་ཚུལ་དེ་ཧྲུའུ་ཅི་ལ་ཡར་ཞུ་བྱེད་འདོད་ཡོད་ཀྱང་ད་དུས་ཚོད་ཀྱིས་འདང་ས་མི་འགི། ཐེངས་རྗེས་མར་ཡོང་ངེས་ཡིན་ཞེས་ཡུལ་དངོས་སུ་ཡུན་རིང་པོར་ལྟད་མོ་བལྟས་ནས་བསྡད་པ་རེད།

རྫོང་ཨུའི་ཧྲུའུ་ཅིས་གདོང་དང་གདོང་ཐུག་ནས་མང་ཚོགས་ཀྱིས་ཞུ་གཏུག་ཐག་གཅོད་བྱེད་པ་ནི་དཀར་མཛེས་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་ཞིང་དམངས་ཀྱི་རེ་འདོད་ཐད་ཀར་རྫོང་གི་འགོ་ཁྲིད་ཆེས་ཆེ་བའི་སར་སླེབས་པས་དཔེ་ཡག་པོ་འདུག་ཅེས་དེར་ཡོད་ཞིང་འབྲོག་དམངས་ཀྱི་མཐེ་བོང་ཡང་ཡང་བསྒྲེངས་པར་མ་ཟད། ལ་ལས་བཀའ་དྲིན་ཞུ་བའི་ཁ་བཏགས་ཀྱང་ཕུལ་བ་རེད།

ལེ་ཅན་ཕིང་གིས་ལས་བྱེད་པས་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ་དང་།  ལས་ཀར་གྲུབ་འབྲས་ཆེན་པོ་ཐོབ་པའི་མཐར་ཐུག་གི་དོན་ལ་འབབ་ས་ནི་ཞིང་འབྲོག་དམངས་ཡི་རང་མིན་ལ་ཐུག་ཡོད་ཅིང་དམངས་ཀྱི་དཀའ་ངལ་སེལ་ཐུབ་ཡོད་མེད་དེ་རེད། ནམ་ཡང་མང་ཚོགས་ཀྱི་སྐྱིད་སྡུག་སེམས་ལ་གཞག་དགོས་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་ལྟར་ན། ཉིན་གསུམ་རིང་ལ་ཞུ་གཏུག་ཐོ་འགོད་བྱེད་མཁན་གྱི་ཞིང་འབྲོག་དམངས༢༩༩ལ་ཟིན་པ་དང་། ཞུ་གཏུག་གནས་ཚུལ༡༡༧ལ་དང་ལེན་ཞུས་པ་རེད།།  ཞུ་གཏུག་གི་ནང་དོན་ཐད་ནས་བལྟས་ན། ཆུ་གློག་ལམ་གསུམ་དང་འགལ་བ་རྩོད་གླེང་། ལས་བྱེད་པའི་སྤྱོད་ཚུལ་ངན་པ་སོགས་ཡུན་རིང་ཐག་གཅོད་མ་ཐུབ་པའི་གནད་དོན་ཡིན་པ་རེད། སླད་ཕྱིན་ལ་དུས་ཚོད་གཏན་འཁེལ་བྱས་ནས་ཞུ་གཏུག་གནད་དོན་དེ་དག་ལག་ལེན་དུ་འཁྱོལ་མིན་གྱི་རྗེས་སྙེག་ཞིབ་དཔྱོད་བྱ་རྒྱུ་ཡིན་པར་མ་ཟད། ད་དུང་རྒྱུན་མཐུད་དེ་དུས་ཚིགས་རེ་ལ་འདི་འདྲའི་ཞུ་གཏུག་དང་ལེན་ཉིན་ཁ་ཤས་བྱ་རྒྱུ་ཡིན་པ་རེད།།

རྫོང་ཨུའི་ཧྲུའུ་ཅིའི་མཛད་འཕྲིན་འདི་འདྲ་ཞིག

  • ལེ་ཚན་སྔོན་མ།:ཤར་དར་རྩེ་མདོའི་དཔེ་ཀློག་གི་ཉིན་མོ།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་དཔྱིད་ཀར་སྡོང་ཕྲུག་འཛུགས་པར་བྲེལ།
  • དོ་སྣང་ཆེ་བའི་རྩོམ།