རང་ཁུལ་ཡུན་རིང་འཕེལ་རྒྱས་གཏོང་བའི་གནད་འགག་ནི་ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཐུག་ཡོད།

སྐལ་བཟང་ཐུབ་བསྟན་གྱིས་བྲིས།        2017-04-24

ཉེ་ཆར། གསར་འགོད་པ་གཞི་རིམ་དུ་བཅར་འདྲིར་ཕྱིན་པའི་ཚེ། ཉག་རོང་རྫོང་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་རྒྱུས་ཡོད་མི་སྣས་ན་ལོར་ཉག་རོང་རྫོང་གི་སློབ་གསོ་ཁོངས་གཏོགས་ཁོ་ནར་མཚོན་ན་ལས་གནས་སྤོ་བའི་རེ་ཞུ་བྱེད་མཁན་ལྔ་བཅུ་ལས་བརྒལ་ཞིང་ཧ་ལམ་རྫོང་ཡོངས་ཀྱི་དགེ་རྒན་གྱི་བཞི་ཆ་གཅིག་ལ་ཟིན་པ་རེད་ཅེས་པའི་སྐད་ཆ་ཞིག་ཐོས་བྱུང་། སྐད་ཆ་དེར་རང་རེས་མནོ་བསམ་ཞིབ་མོ་ཞིག་གཏོང་ཚེ། གནས་ཚུལ་དེ་ནི་ཉག་རོང་རྫོང་གཅིག་པུར་བྱུང་བ་མ་ཡིན་ཞིང་རང་ཁུལ་གྱི་རྫོང་ཁག་སོ་སོ་ལ་ཆེ་ཆུང་མ་གཏོགས་གནས་ཚུལ་དེ་གནས་དང་གནས་བཞིན་ཡོད་པ་རེད།

དེའི་ཕག་ཏུ་ང་ཚོས་རང་ཁུལ་གྱི་ཤེས་ལྡན་མི་སྣ་མི་འདང་བ་དང་གཞན་ཡུལ་དུ་སྡོད་སྙིང་མི་སྤྲོ་བ། ལས་གནས་སུ་སེམས་རྣལ་དུ་ཕབ་ཐུབ་མེད་པའི་གནད་དོན་ཚབས་ཆེན་ཞིག་ཡིབ་ནས་ཡོད་པ་ཤེས་ཐུབ། བྱ་བ་གང་དང་གང་བསྒྲུབ་ཀྱང་རྩ་བ་ནི་མིར་ཐུག་ཡོད་ཅིང་དེ་ཡང་མཐར་ཐུག་མིའི་ཤེས་ཡོན་དང་བྱང་ཚད་ལ་རག་ལས་ཡོད། ཀུན་སྤྱོད་བཟང་ཞིང་ཤེས་ཡོན་གྱིས་རབ་ཏུ་ཕྱུག་པའི་མི་ཇི་ཙམ་མང་ན་རྒྱལ་ཁབ་དང་མི་རིགས་དེ་ནི་དེ་ཙམ་གྱིས་ཡར་རྒྱས་འགྲོ་ངེས་པ་ནི་ཆོས་ཉིད་ལྡོག་ཏུ་མེད་པ་ཡིན། འོན་ཀྱང་རང་ཁུལ་གྱི་གནས་ཚུལ་ངོ་མ་ནི་གང་རེད་ཅེ་ན་ཕྱི་རོལ་གྱི་ཤེས་ལྡན་མི་སྣ་ཆ་རྐྱེན་ཞན་པ་དང་ཡོང་འབབ་དམའ་བ་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཡོང་འདོད་མེད་པ་དང་། ཡོང་བའི་དབང་དུ་གཏོང་ནའང་བློ་གཅིག་སེམས་གཅིག་གིས་བྱ་བ་སྒྲུབ་འདོད་མེད་ཅིང་། ས་གནས་ཀྱི་མཆོང་སྟེགས་དེར་བརྟེན་ནས་ལོ་ཤས་བསྡད་རྗེས་ཕྱིར་ཤོར་བ་བགྲངས་ཀྱིས་མི་ལང་། ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣའི་འབོར་གྲངས་ཀྱིས་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་དང་དུས་བསྟུན་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཞན་པས་ནམ་ཡང་འཕེལ་རྒྱས་ཀྱི་མཇུག་གྲལ་སྲུང་མཁན་དུ་གྱུར་པ་རེད།

དེ་ཡང་རང་ཁུལ་འཕེལ་རྒྱས་གཏོང་བར་སྒོ་བརྒྱ་འབྱེད་སའི་ལྡེ་མིག་ལྟ་བུ་ནི་ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་མིན་ལ་ཐུག་ཡོད་ཅེས་ལོ་མང་སྔོན་ནས་བཤད་དང་འཆད་བཞིན་ཡོད་མོད། འོན་ཀྱང་གྲུབ་འབྲས་ཆེན་པོ་དེ་ཙམ་མི་འཐོབ་པའི་རྒྱུ་རྐྱེན་དུ་མ་ཞིག་ཡོད་དེ། སྤྱིར་ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣའི་གྲངས་ཀ་ཉུང་བ་དང་། བྱེ་བྲག་ཏུ་ས་གནས་རང་ཉིད་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་ཤིན་ཏུ་དཀོན་པ་ནི་བཀག་རྡོ་ཆེས་ཆེ་བ་དེ་རེད། རང་ཁུལ་གྱི་སྤྱི་ཁོག་གནས་ཚུལ་ལ་བལྟས་ན། ལས་བྱེད་པ་མང་མང་ལྟར་སྣང་ཡང་ཞིབ་ཏུ་བལྟས་ཚེ་བཟོ་ལས་དང་ཞིང་ལས། སྨན་དོན། གློག་ལས། ཨར་ལས། བཟོ་སྐྲུན། ཚན་རྩལ། ཆ་འཕྲིན་སོགས་གནད་འགག་གི་ཆེད་ལས་མི་སྣ་ཆེས་ཉུང་ངུ་ལས་མེད་པ་རེད། དེའི་རྐྱེན་གྱིས་དཔེ་ཆུང་ངུ་ཞིག་བཞག་ན་ཨར་ལས་ཀྱི་ལས་གཞི་ཆེན་པོ་ཞིག་སྤེལ་བའི་ཚེ་ཇུས་འགོད་པ་དང་ཇུས་འགོད་འཆར་གཞི་བཟོ་ཤེས་མཁན་ཞིག་ས་གནས་རང་ཉིད་ནས་རྙེད་དཀོན་པོ་ཡིན་པ་ལྟ་བུ་དང་། སྨན་དོན་ཐད་ནད་བརྟག་འཕྲུལ་ཆས་ཡག་པོ་ཞིག་ཡོད་ཀྱང་དེ་སྤྱོད་ཤེས་མཁན་གྱི་ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་ཉུང་ཞིང་ལྷག་པར་གཞི་རིམ་དུ་ནད་བརྟག་འཕྲུལ་ཆས་དེ་དག་ནི་གཤོམ་རྫས་ཙམ་དུ་ལུས་ཡོད། གསོ་འདེབས་ལས་རིགས་ཐད་ཚན་རིག་དང་མཐུན་པའི་གསོ་སྟངས་ཤེས་བྱ་མེད་པས་མ་རྩ་ཡང་བརྡིབས་ནས་མེད་པར་སོང་བའི་ཞིང་པའི་གསོ་སྤེལ་ཁྱིམ་ཚང་ཧ་ཅང་མང་པོ་ཡོད་པ་ལྟ་བུ་རེད། འོ་ན། ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་དེ་དག་དཀོན་པོ་ཡིན་པའི་རྒྱུ་མཚན་གང་ལ་ཐུག་འདུག་ཅེ་ན། རང་ལ་ཐུག་འདུག་སྟེ། ས་གནས་སོ་སོའི་གོང་འོག་ཚང་མ་ལ་ཐུག་འདུག ཕ་མ་དང་དགེ་རྒན། སློབ་མ་ཐམས་ཅད་ལ་ཐུག་འདུག  བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་སློབ་མཐར་ཕྱིན་ཏེ་ལས་གནས་སུ་བསྐྱོད་པའི་ལས་བྱེད་པའི་འབོར་གྲངས་ཅུང་མང་ཡང་། གོང་སྨོས་ཆེད་ལས་སྦྱོང་མཁན་གྱི་ཤེས་ལྡན་མི་སྣ་ཉུང་ངུ་ལས་མེད། རྒྱུ་མཚན་གཅིག་ནི་ཚང་མའི་སེམས་སུ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་རེད་ནས་གླ་ཕོགས་ཤིག་རག་པའི་བསམ་རྒྱ་ལས་མེད་པས་རེད། རྒྱུ་མཚན་གཉིས་ནི་ས་གནས་སོ་སོའི་རིམ་ཁག་དང་སྡེ་ཁག་གིས་མིག་རྒྱང་རིང་པོས་གོང་སྨོས་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་ཆེད་དུ་གསོ་སྐྱོང་བྱེད་པའི་བྱེད་ཐབས་མ་བཀོལ་ཞིང་བཀོལ་ཀྱང་དོན་ལ་གནས་པ་ཞིག་བྱུང་མེད་པས་རེད། རྒྱུ་མཚན་གསུམ་ནི་གོང་སྨོས་ཆེད་ལས་དེ་དག་སྦྱང་དགོས་ན་དཀའ་ལས་གཞན་ལས་ལྡབ་འགྱུར་རྒྱག་དགོས་པས་དཀའ་སྤྱད་སྡུག་རུས་རྒྱག་པའི་སྙིང་སྟོབས་མེད་པས་རེད། དཔེར་ན་བོད་ཁུལ་ཡོངས་ལ་མཚོན་ན་རྩིས་རིག་དང་རྫས་འགྱུར། དངོས་ཁམས། བཟོ་སྐྲུན་སོགས་ཀྱི་ཤེས་ལྡན་མི་སྣ་མཛུབ་མོའི་ཐོག་ནས་རྩི་ཆོག་པའི་དུས་ལ་ཁེལ་ཡོད་པ་རེད། རྒྱུ་མཚན་བཞི་པ་ནི་གོང་རིམ་གྱིས་ཤེས་ལྡན་མི་སྣ་ཕྱིར་བསྐྱོད་ནང་འདྲེན་གྱི་སྲིད་ཇུས་བཟང་པོ་བཏོན་ན་ཡང་། ས་གནས་རང་ཉིད་ཀྱི་ཕྱིར་བསྐྱོད་ལས་བྱེད་པ་མང་ཤོས་ཀྱིས་ལེ་ལོ་རྣམ་གཡེང་གིས་ཉི་མ་འཁྱོལ་ཐབས་བྱས་ཤིང་། ས་གནས་རང་གི་་ལས་བྱེད་པ་རྣམས་ཀྱིས་གོ་སྐབས་འཕྲོག་འཛིན་བྱས་ནས་ཤེས་ཡོན་དང་འཇོན་རྩལ་སྦྱང་རྒྱུ་ལྟ་ཞོག ལས་ཀ་ཐམས་ཅད་ནང་འདྲེན་བོད་སྐྱོར་ལས་བྱེད་པའི་མགོ་ཐོག་ལ་འཕེན་གང་ཐུབ་བྱས་པས་མཐར་བོད་སྐྱོར་ལས་བྱེད་པ་དེ་དག་གི་ལས་སྒྲུབ་ཉམས་མྱོང་དང་འཇོན་ནུས་སྔར་བས་ཇེ་ཆེར་ཕྱིན་ནས་ལོ་རེ་གཉིས་བསྡད་ནས་སོང་བས་ལས་ཁུངས་དང་སྡེ་ཚན་ཁ་ཤས་ལ་ཤེས་ལྡན་མི་སྣ་རྒྱུན་ཆད་ལ་ཁད་ལུས་ནས་བསྡད་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད། རྒྱུ་མཚན་གཙོ་བོ་འདི་བཞི་པོ་ལ་ང་ཚོས་བསམ་གཞིགས་བྱ་དགོས་ཤིང་བྱེད་རན་པར་མ་ཟད་ཕྱིས་དྲགས་སོང་བ་རེད། རང་སྐྱོན་ཤེས་བཞིན་དུ་ད་དུང་ཁ་ཕོ་ཆེན་པོ་དང་སྣང་བ་སྐྱིད་པོའི་ངང་དུས་འདས་པ་ཡིན་ན། འཕེལ་རྒྱས་ནི་འགྱུར་མེད་ཀྱི་ཆོས་ཉིད་ཡིན་ཞེས་པའི་གཏམ་དེ་ནི་སྟོང་གཏམ་ཁོ་ན་ཡིན་ཞིང་དུས་ནམ་ཡང་གཞན་གྱི་རྗེས་སུ་ལུས་པའི་གནས་བབ་ལས་ཐར་དཀའ་བར་གྱུར་རོ།།

ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་དགོས་པ་ཡང་གཅིག་ནི་རང་གི་མི་རིགས་དང་ཕ་ཡུལ་ལ་ཞེན་པ་དཀར་པོ་ཡོད་པ་དང་། གཉིས་ནི་དུས་རབས་འདིའི་ལྡོག་མེད་ཀྱི་འགན་འཁྲི་ཕྲག་ཏུ་ཡོད་པ་དང་། གསུམ་ནི་བློ་རྣལ་དུ་ཕབ་ནས་ལས་ཀ་སྒྲུབ་ཆོག་པ་དང་། བཞི་ནི་ཤེས་ལྡན་མི་སྣ་རྒྱུན་ཆད་པའི་སེམས་ཁྲལ་མེད་པ་དང་། ལྔ་ནི་ས་གནས་ཕན་ཚུན་མཁས་བརྒྱ་འགྲན་གླེང་གི་ཁོར་ཡུག་བཟང་པོ་ཞིག་ཆགས་ཐུབ་པ་སོགས་སོ།།

ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད། ས་གནས་སྲིད་གཞུང་གིས་ལས་བྱེད་པ་བསྡུ་ལེན་བྱེད་ཚེ་ས་གནས་རང་ཉིད་ཀྱི་ཤེས་ལྡན་མི་སྣར་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་འདོན་པ་དང་། ས་གནས་རང་ཉིད་ཀྱི་ལས་བྱེད་པའི་དུས་ཡུན་རིང་པོའི་གསོ་སྐྱོང་འཆར་གཞི་འདོན་པ་དང་། ས་གནས་རང་ཉིད་ཀྱི་ལས་བྱེད་པའི་བརྩོན་བསྐུལ་སྲིད་ཇུས་འདོན་པ་དང་། སྤྱི་ཚོགས་ཡོངས་སུ་ས་གནས་ལས་བྱེད་པར་བརྩི་བཀུར་བྱེད་པའི་ཁོར་ཡུག་ཡག་པོ་བསྐྲུན་པ་སོགས་ཀྱི་བྱེད་ཐབས་དོན་ལ་གནས་པ་བཏོན་པ་ཡིན་ན། རང་ཁུལ་ཡུན་རིང་འཕེལ་རྒྱས་ཡོང་བར་ཐེ་ཚོམ་མི་དགོས་ལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཁྲོད་དཀར་མཛེས་ཁུལ་གྱི་ཕུགས་འདུན་མངོན་དུ་འགྱུར་བ་ཡང་གདོན་མི་ཟའོ།།


  • ལེ་ཚན་སྔོན་མ།:རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་ཧྥུ་ཧོ་རང་ཁུལ་དུ་དབུལ་ཐར་འགག་སྒྲོལ་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:ཤར་དར་རྩེ་མདོའི་དཔེ་ཀློག་གི་ཉིན་མོ།
  • དོ་སྣང་ཆེ་བའི་རྩོམ།