ན་ཆུང་སློབ་མ་ཚོར་ཕུལ་བའི་ནད་ཡམས་སྔོན་འགོག་གི་ཀ་རྩོམ།

ལི་སྨད་ཉི་གཞོན།        2020-03-18

ཀྭ་ཡེ་གསོན་དང་སློབ་མ་རྣམ་པ་ལགས།།

ཁ་སང་དེ་རིང་རིམས་ནད་གནས་ཚུལ་ཏེ།།

ག་ས་གང་ནས་ཁྱབ་བསྒྲགས་བྱེད་པར་བརྟེན།།

ང་ཚོ་ཚང་མས་ཆ་རྒྱུས་ལོན་ཡོད་ཀྱང་།།


ཅ་ལེ་ཅོ་ལེས་ཉི་མ་མི་གཏོང་བར།།

ཆ་སྙོམས་ཉིན་རེར་དཔེ་ཀློག་ལས་བྱ་ཕྲིས།།

ཇ་ཐུན་ཟས་ཐུན་མེད་པར་ལག་པ་ཁྲུས།།

ཉ་ར་ལུས་པོར་བྱས་ན་བདེ་ཐང་འབྱུང་།།


ཏག་ཏག་ནད་འདིའི་འབྱུང་རྐྱེན་བཤད་པ་ན།།

ཐ་མལ་པ་འགས་ཕ་ཝང་ཤ་བཟས་ཏེ།།

ད་ལྟའི་ཏོག་དབྱིབས་ནད་ཡམས་འདི་བྱུང་ལ།།

ན་ཚོད་དབྱེ་བ་མེད་པར་ན་བཞིན་འདུག།


པ་པ་བཟས་ཏེ་ཁྱིམ་ནས་ཡག་པོ་སྡོད།།

ཕ་རོལ་ཁྱིམ་ཚང་གཞན་ལ་འགྲོ་དགོས་ན།།

བ་སོ་ལས་ཀྱང་དཀོན་པའི་ཁ་ཤུབས་གྱོན།།

མ་རུང་གློ་ཚད་འགོག་པ་ལྷོད་མི་ཉན།།


རྩེ་མོའི་འདུ་འཛོམས་གནས་སུ་འགྲོ་མི་རུང་།།

ཚ་བ་རྒྱས་ན་ངེས་པར་ཕ་མར་ཤོད།།

ཛ་དྲག་མ་བྱུང་གོང་ནས་སྨན་པར་སྟེན།།

ཝ་ལེར་རང་གཅེས་གཞན་ལ་གནོད་མ་བྱེད།།


ཞོགས་པར་སྔ་ནས་ལངས་ལ་ལུས་རྩལ་སྦྱོང་།།

ཟ་མ་གཙང་མ་དུས་ཚོད་ལྟར་དུ་ཟོས།།

འ་འུར་གསར་འགྱུར་རྫུན་མ་སྤེལ་མི་བྱ།།

ཡ་རབས་སློབ་མའི་རང་ཚུགས་དོར་མི་རུང་།།


ར་བ་གངས་ཀྱིས་བསྐོར་བའི་བོད་ཡུལ་གྱི།།

ལ་ལུང་རུ་སྡེར་གནས་པའི་སློབ་མ་ཚོ།།

ཤ་ཚའི་གཏམ་འདི་རང་གི་སེམས་ཚོར་ཡིན།།

ས་ཕྱོགས་སོ་སོའི་ཁྱོད་ཚོར་འཕྲོད་གྱུར་ཅིག།


ཧ་ཅང་ཚིག་སྦྱོར་སླ་བའི་སྙིང་གཏམ་འདི།།

ཨ་མའི་བུ་ཡིས་ལན་གཅིག་གཟིགས་དང་ནི།།

ཧ་ལམ་མི་ཤེས་མཁན་ཞིག་ཡོད་མི་སྲིད།།

ཨ་རོགས་ཁྱོད་ཚོར་ཕན་རེ་ཐོགས་ན་ཐང་།།

  • ལེ་ཚན་སྔོན་མ།:རྟའུ་དང་འབྲེལ་བའི་སྙིང་གཏམ།
  • ལེ་ཚན་རྗེས་མ།:ནད་དུག་དང་མི་སེམས།