མགར་མེ་དུངས། 2020-03-17
རྨི་ལམ་འཁྲུག་ཤུལ་གྱི་གཡུལ་ཐང་ན་འཇའ་ཚོན་དེས་སྐད་ཆ་འཆད་ཀྱིན།
མཁའ་དབུགས་འཁྱག་པོ་དེས་ནང་རོལ་ནས།
སྐྱོ་གདུང་གིས་མནར་བའི་རེ་ཆད་ཀྱི་མིག་མདངས།
ཆར་རོམ་གྱི་སོ་ཁ་ནས་སྐད་ཅིག་ཙམ་ལ་ཡང་བདེ་ཐབས་བྲལ་བའི།
ལས་ཀྱི་བུ་ལོན་ཞིག་བྲང་ལ་བཏགས་རྗེས།
ངལ་དུབ་དང་སེམས་འཕར་སྡུག་བསྔལ་གྱིས་བསུས་ཏེ།
ཁྱོད་ཚོའི་རི་མཐོ་ས་གཙང་གི་གནས་མལ་འདི་ནས།
ཞོགས་པའི་བསིལ་ཟེར་ཡང་མ་མཐོང་ག་ཙམ་ལས་ཡོད།
ཀྭ་ཡེ། རིགས་མཐུན་གཅིག་པའི་འཇའ་ཤར་ཤུལ་གྱི་མཚེར་ས།
ངག་ལྐུགས་དང་བླ་འཁྱམས་སོང་བའི།
གྲང་ངར་གྱོན་པའི་མྱ་ངམ་ཐང་དུ།
འཆི་བདག་གི་བྲང་ཁར་རྣམ་ཤེས་
གླན་ནས།
ན་ཟུག་གིས་སྨྱོས་པའི་མཆི་མ།
བརླན་ཞིང་གཤེར་བའི་དུག་ཆུ་ལྟ་བུའི་དུས་ཚོད་བཟི་བོས།
སེམས་ཕམ་དང་ཡིད་ཆད་ཀྱི།
འཚོ་བར་ཆུ་འཁྱག་པའི་རི་མོ་མ་འབྲི་དང་།
དུས་ནམ་ཞིག་དབྱར་ཁ་ལྟ་བུའི་སྡུག་ཡུས་དང་གྲང་ངར་དབེན་པའི་དུས་ཚིགས་ཤིག་སླེབ་པར།
གོས་དཀར་གྱོན་པའི་ལྷ་རྗེ་ཚོའི་སྙིང་རྗེའི་ཕྱག་ཟུང་ལས་ཚེ་སྲོག་རེ་རེས།
རྒྱུད་སྐུད་ཕྲ་མོ་ལོངས་སྤྱོད་ཀྱིས་གནམ་འོག་གི་ན་ཚ་ཕོག་པའི་མི་དག་རང་དབང་སྐྲུན་བཞིན་འདུག
མ་ཟད་རེ་སྨོན་སྟོང་ཕྲག་འབར་བའི་རྣལ་འབྱོར་བ་དག་གིས་ཀྱང་།
སྙིང་རྗེའི་དམིགས་པ་གཅིག་ཏུ་སེམས་ཤིང་གནས་ལུགས་ཟབ་མོའི་སྒྲ་དབྱངས་དག་གིས་
ནད་གདོན་འདིས་མཐར་ཐུག་གཉེན་པོའི་མགོ་མནན་ཆེད།
ལྷ་ཁང་དཀར་པའི་མདུན་ནས་རེ་སྨོན་རེ་གཏོང་འདུག
ཀྭ་ཡེ། འཇའ་ཤར་ཤུལ་གྱི་མཚེར་ས།
སྙིང་བོ་དབེན་པའི་ཉིན་ཞག་སྟོང་བ་འདིའི་ནང་།
འགྲོ་སའི་ལམ་ཁ་བོར་སོང་བ་
འདྲ་མོད།
ནམ་ཞིག་བསླུ་བྲིད་ཀྱིས་བཏེགས་པའི་ལོ་ཟླ་དང་ཁོར་ཡུག
གསེར་མདོག་གི་ཉི་མས་ཁྱབ་པར་སྨོན།
རྩོམ་གསར། 10