ཝུའུ་ཧན་པ། རྟའུ་པ།

བཀྲ་ཤིས་བསམ་འགྲུབ།        2020-03-17

སྔ་མ་དེར།

དྭངས་ཤིང་ལྷོད་པའི་མཁའ་རླུང་གི་ཁྲོད་ནས།

གསལ་ཞིང་དག་པའི་ཁ་སང་གི་ཀློང་ནས།

ཁོས་མི་རིགས་ཤིག་གི་ཕམ་ཁ་ཀློག་སྐབས།

མོས་ལོ་རྒྱུས་ཤིག་གི་མྱི་ཁ་གྱེར་སྐབས།

ཁོས་གློ་སྙིང་གི་རྒྱུ་བ་དལ་སོང་།

མོས་གླུ་སྐད་ཀྱི་གདངས་དབྱངས་འགག་སོང་།

སྐབས་དེར།

ཕམ་ཁ་ནི་རྒྱལ་ཁའི་རྨང་གཞི་དང་།

ནོར་འཁྲུལ་ནི་འཕེལ་རྒྱས་ཀྱི་དགོས་མཁོ་

ཡིན་པའི་གདམས་ངག་དེ་ཚོ།

ཁོ་བོས་དབུགས་རིང་ཁྲོད་ནས་སྐྱག་རྫུན་

དུ་གྲུབ་སོང་།

སྐྱོ་གདུང་གི་མིག་ཆུ་གཡས་སུ་འཕངས་དུས།

སྐྱོ་གར་གྱི་སྟངས་སྟབས་གཡོན་ནས་བསུས་དུས།

ཇ་ཕོར་བུ་གང་ཡང་མ་དབང་སྔོན།

ཆུ་ཁམ་བུ་གང་ཡང་མ་འཐུང་སྐབས།

གོ་མྱོང་ཚོར་མྱོང་མེད་པའི་ཝུའུ་ཧན་ནས།

ཤེས་གསལ་གང་ཡང་མེད་པའི་གློ་ནད་ཅིག

ཕྱི་ནང་མེད་པར་འཇབ་ཐ་ཟེར།

རྒན་གཞོན་མེད་པར་འཐམས་ཐ་ཟེར།

མཐོ་དམའ་མེད་པར་འབྱར་ཐ་ཟེར།

མཁས་བླུན་མེད་པར་སྡང་གི་ཟེར།

ཨོ་ཅི་ཁག

འཁོར་བ་ནི་མ་གཞི་ནས་སྐྱོ་གར་ཞིག

མི་ཡུལ་ནི་དེང་མ་ནས་སྡུག་བསྔལ་ཞིག

རེད་དེ།

གུ་ཡངས་སྒམ་བརླིང་གི་ཚོར་བ་འདི་

ཁོ་དང་ཁྱོད་ཀྱི་འཇིག་རྟེན་མ་གཏོགས།

ས་ཆེན་པོའི་བང་རིམ་ཅི་ལ་གཡོ།

ཐང་ཡངས་པོའི་སྒེག་ཉམས་ཇི་ལྟར་བཞད།

ཚ་ཚ་འུར་འུར། བྲེལ་བྲེལ་འཚུབ་འཚུབ།

ངལ་ངལ་དུབ་དུབ། སྐྲག་སྐྲག་འདར་འདར། བཞའ་བཞའ་སྐུང་སྐུང་།

ཐ་སྙད་འདི་དག་ནི་ཁ་སང་གི་གྱོང་ཁར་བསྒྱུར་འདུག

དེ་རིང་གི་གཉེན་པོར་བརྟེན་འདུག

སང་ཉིན་གྱི་རེ་བར་བསྒུགས་འདུག

ཝུའུ་ཧན་པ།

ཉོན་དང་། སོམས་དང་། ལྟོས་དང་།

ཚན་རིག་གི་འཕེལ་རྒྱས་བསྟོད་པའི་གླིང་

འདིའི་ཉག་ཁ་ན།

རིག་གནས་ཀྱི་བང་ཁ་མྱུར་བའི་ཁམས་

འདིའི་གྲུ་ཁ་ན།

ཕྱི་ནང་གི་སྨན་བཅོས་དར་བའི་ཡུལ་འདིའི་

སྒོ་ཁ་ན།

ལྷ་རྗེ་དམ་པས་ཁྱེད་ཚོ་དྲན་ཆེད།

སྙིང་རྗེ་བ་ཡིས་ཁྱེད་ཚོ་སྒོམ་ཆེད།

སྙན་ངག་བ་ཡིས་ཁྱེད་ཚོ་གྱེར་ཆེད།

ཝུའུ་ཧན་པའི་ལོ་ཟླ་སེམས་སུ་ཉར་འདུག

ཝུའུ་ཧན་པའི་ཉིན་ཞག་ཡིད་ལ་སྒོམ་འདུག

ཝུའུ་ཧན་པའི་སྐྱིད་སྡུག་དབྱངས་མོར་

བཅོལ་འདུག

ཝུའུ་ཧན་པ། མ་ཕམ་དང་།

བཞུར་དུ་མེད་པའི་དགུན་གཞུང་གི་ཆོས་

ཉིད་ཅིག་ག་ན་ཡོད།

ཝུའུ་ཧན་པ། མ་སྐྱོ་དང་།

གཏན་དུ་རུང་བའི་སྤྲིན་ནག་གི་གནས་

ལུགས་ཤིག་གང་ན་ཡོད།


སྐྱ་སྟོང་ནི་སྐྱ་སྟོང་རང་རེད་དེ།

གནས་ལུགས་དང་བདེན་པ་ལ་རྡོག་རོལ་བྱ་ངེས།

ཡིན་ཡང་།

རྟེན་འབྲེལ་ལ་དབང་བའི་རིག་གནས་ནི་

མ་གཞི་ནས་གནས་ལུགས་ཤིག་སྟེ།

དེ་ལ་ཚར་གཅོད་དང་རྨེག་མེད་ཅིག་ག་ལ་དབང་།

རེད་དེ།

རྨོངས་དད་ལ་བྱང་བའི་ངའི་ཡབ་མེས།

གླེན་བཤད་ལ་མཁས་པའི་ངའི་ན་ཟླས།

སྟོང་བསམ་ལ་སྨོན་པའི་ངའི་ཡུལ་བས།

རི་མཐོ་ས་གཙང་ནི་ལྷ་ཡུལ་ལ་འདོད་ཅིང་།

ཡུལ་བཟང་མཁའ་དྭངས་ནི་ཀླུ་ཡུལ་ལ་རློམ་པས།

བར་ཆད་ཀྱི་རྦ་ཀློང་རིང་དུ་གྱེས་ལ།

ནད་རིགས་ཀྱི་རླབས་ཕྲེང་ཐད་དུ་གཅོད་ལ།

གདོན་བགེགས་ཀྱི་རླབས་རྒྱུན་རྩ་ནས་བཀག་པའི།

རྨོངས་བ་དང་རང་འདོད་ཀྱི་ཁྲོད་ནས།

དོན་དམ་དང་གནས་ལུགས་རྒྱང་དུ་

དོར་སྐབས།

བདེན་པ་དང་ཡུལ་དངོས་རྦད་ནས་

བོར་སྐབས།

ཁོ་རང་ཐོན་སོང་། ཁོ་རང་ཆེད་དུ་ཐོན་སོང་།

ལྷ་ཡུལ་དང་ཀླུ་ཡུལ་ལ་རློམ་པའི་དག་

ང་འདིར།

ཁོ་རང་ཐོན་སོང་། ད་ཅི་བྱེད།

ངའི་ཕུགས་བསམ་ལ་ཉར་བའི་ལྷ་ཡུལ་དེ།

ཁོའི་རྣམ་རྒྱལ་ལ་བཀུར་པའི་ཀླུ་ཡུལ་དེ།

རྩ་མེད་དུ་གྱུར་སོང་ན་སུའི་ཁག

ཡལ་མེད་དུ་བཟོས་བཞག་ན་གང་གི་རྐྱེན།

མིན། ང་ཚོར་རེ་བ་ཡོད།

ང་ཚོར་བརྩེ་སེམས་ཀྱིས་བཅིངས་བའི་

དགེ་འདུན་གྱིས་ཐུགས་རྗེ་ཡོད།

ང་ཚོར་ཕྱག་རྩལ་གྱིས་ཕྱུག་པའི་གཡུ་ཐོག་

གི་རྒྱུད་བཞི་ཡོད།

ང་ཚོར་སྙིང་སྟོབས་ཀྱིས་གཡོགས་པའི་ཁྲི་

སྲོང་གི་དཔའ་གདེང་ཡོད།

བརྟན་པོར་ལོངས་དང་།

ང་ཚོ་གང་ནས་སྡུག ཅི་ལ་སྐྱོ། སུ་ལ་སྐྲག

དྲང་པོར་སོམས་ཤོག

ང་ཚོ་གང་ནས་ལྷག ཅི་ལ་ཕམ། སུ་ལ་ནོར།

ངའི་མི་རིགས།

ང་ཚོ་ནི་ཡབ་སྲོང་བཙན་གྱིས་ངག་ལ་གྱེར་

བའི་ལོ་རྒྱུས་ཀྱི་རྡོ་རིང་དེ་ཡིན་ཞིང་།

ང་ཚོ་ནི་རྣམ་སྲས་ཐོན་མའི་ཐུགས་སུ་ཉར་

བའི་བསྟན་འཛིན་གྱི་རུས་རྐང་དེ་ཅི་ལ་མིན།

སྟོད་ཀྱི་མངའ་རིས་སྐོར་གསུམ།

བར་གྱི་དབུས་གཙང་རི་བཞི།

སྨད་ཀྱི་མདོ་ཁམས་སྒང་དྲུག་ཡ།

ཁྱེད་ཚོ་བདེ་ལགས་སམ། ཁྱེད་ཚོ་ཅི་འདྲ་འམ།

སྒོས་སུ་ང་དང་ཉེ་བའི་རྟའུ་པ། ཁྱེད་དང་

རིང་བའི་རྟའུ་པ།

ཁྱེད་ཚོ་བློ་ཅི་ལ་ཕམ། སེམས་ག་ལ་འདར།

འཇིག་རྟེན་བདེན་མེད་དུ་རྟོགས་པའི་བློ་

གྲོས་དེ་སྒོམས་དང་།

སྡུག་དཔུང་མཉམ་གཤིབ་ཀྱི་བསླངས་

པའི་གཅིག་སྒྲིལ་དེ་སྒྲིམས་དང་།

བྱམས་སེམས་བདག་གཞན་དང་འདྲེས་

པའི་བརྩེ་བ་དེ་སོམས་དང་།

འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཐུགས་

སྨོན་བདེ་ཨེ་གསུངས།

རྒྱལ་སྲས་གཡུ་ཐོག་སྨན་བླས་དབུ་ལྕོག་ལྡེམ་

གི་གསུངས།

སྒྲོལ་མ་ཉེར་གཅིག་ལྷ་མོས་གངས་དཀར་

བརྗེད་མེད་གསུངས།

      


  • ལེ་ཚན་སྔོན་མ།:རྟའུ་རྫོང་གི་ནད་པ་ཚོ་ལ་ཕུལ་བའི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:རྟའུ་པ། འཇའ་ཤར་ཤུལ་གྱི་མཚེར་ས།