འགོག་བཅོས་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་བཏང་སྟེ་དཔྱིད་རྨོད་ཐོན་སྐྱེད་གོ་རིམ་ལྡན་པར་བྱེད།

ཀུན་དགས་བསྒྱུར།        2020-03-16

     སྤྱི་ཟླ3པའི་ཚེས9ཉིན་གྱི་སྔ་དྲོར་རྟའུ་རྫོང་གིས་ནད་དུག་འགོས་པའི་གློ་ཚད་རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་རྫོང་དེའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ད་ལྟའི་དུས་མཚམས་ཀྱི་རྫོང་དེའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་སྤྱིའི་གནས་ཚུལ་དང་སྨན་བཅོས་སྐྱོབ་བཅོས། རིམས་འགོག་ཚོད་འཛིན་གྱི་ལས་དོན། དངོས་ཟོག་འགན་ལེན་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ནས་རྟའུ་རྫོང་གིས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་གཅིག་གྱུར་འཆར་འགོད་དང་དམ་འཛིན་ཡག་པོ་ཇི་ལྟར་བྱ་རྒྱུ་སོགས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་འདེབས་པ་རེད།

    གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྤྱི་ཟླ3པའི་ཚེས9ཉིན་གྱི་ཆུ་ཚོད0པར་རྟའུ་རྫོང་དུ་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་པ73ཡོད་པ་དང་མིག་སྔར་ནད་དྲག་ནས་སྨན་ཁང་ལས་བུད་མཁན66ཡོད་ཅིང་། ནད་དྲག་མཁན་དེ་ནད་པ་གཏན་འཁེལ་བྱས་པའི་མི་གྲངས་ཀྱི་བརྒྱ་ཆ90ཡན་ལ་ཟིན། ནད་རྟགས་མེད་པའི་ནད་པ་ཚང་མ་གཙང་སེལ་བྱས་ཏེ་མེད་པར་བཟོས་ཡོད། གཅིག་སྡུད་གསོ་རིག་ཟུར་བཀར་ལྟ་ཞིབ་མི་གྲངས510ནས11བར་མར་ཆག་པ་དང་ཁྱིམ་སྡོད་གསོ་རིག་ལྟ་ཞིབ་མི་གྲངས2787ནས4བར་མར་ཆག་ཡོད། མིག་སྔར་རྟའུ་རྫོང་དུ་བསྟུད་མར་ཉིན10རིང་ནད་གཞི་གཏན་འཁེལ་གྱི་ནད་ཐོ་གསར་པ་ཐོན་མེད་པ་དང་། ཤི་བའི་ནད་དཔེ་དང་སྨན་དོན་མི་སྣ་ཕན་ཚུན་ནད་འགོས་མེད་པ་རེད། སྤྱི་ཟླ3པའི་ཚེས7ཉིན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཆ་འཕྲིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། རྟའུ་རྫོང་ནི་ཞིང་ཆེན་ཡོངས་ཀྱི་ཉེན་ཁ་ཆེ་བའི་རྫོང་ནས་ཉེན་ཁ་འབྲིང་པོའི་རྫོང་དུ་བསྒྱུར་ཡོད་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག་རྟའུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། རྫོང་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་བཅས་ཡིན་པའི་བཀྲ་རྡོས་མིག་སྔར་རྫོང་ཡོངས་ཀྱི་རིམས་ནད་འཕེལ་ཕྱོགས་བཀག་འགོག་ནུས་ལྡན་དང་བརྟན་ལྷིང་ཚོད་འཛིན་སོགས་སྤྱིའི་ཆ་ནས་ཡག་པོ་བྱུང་ཡོད། ཕྱིན་ཆད་རྟའུ་རྫོང་གི་འགོག་བཅོས་ཚོད་འཛིན་ལས་དོན་གྱི་བྱ་ཐབས་ཐད་བཀྲ་རྡོས་མིག་སྔར་རྟའུ་རྫོང་ནི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་ཚར་གཅོད་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས་ད་དུང་འགོག་བཅོས་ཚོད་འཛིན་གྱི་བྱེད་ཐབས་ཁག་མུ་མཐུད་དེ་སྲ་བརྟན་དུ་གཏང་དགོས། ཕྱིན་ཆད་རྟའུ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལ་གཞིར་བཟུང་ནས་ནུས་ཤུགས་ཡོད་རྒུས་རྫོང་ནང་ཁུལ་དུ་མི་ཁྱབ་པ་དང་ཕྱི་ཕྱོགས་སུ་མི་མཆེད་པ། ནང་འདྲེན་གྱི་ནད་དཔེ་གསར་སྣོན་མི་བྱེད་པ། སྨན་ཁང་ནང་ཕན་ཚུན་མི་འགོས་པ། སྤྱི་ཚོགས་ལ་འཇིགས་སྣང་མི་སློང་བ། བརྟན་ལྷིང་དང་འབྲེལ་བ་ཡོད་པའི་དོན་རྐྱེན་མི་སློང་བ་བཅས་ཀྱི་མཐའ་ཚད་དྲུག་བསྲུང་རྒྱུ་ཡིན་པ་རེད། གཙོ་གནད་ཐོག་ལས་དོན་ཁག་ལྔ་ལ་དམ་འཛིན་ཡག་པོ་བྱ་དགོས་པ་སྟེ་ཡུལ་ཤོག་ལྔ་དང་གྲོང་རྡལ་གཅིག་གི་དོ་དམ་ཚོད་འཛིན་ལ་མུ་མཐུད་ནས་ཤུགས་རྒྱག་པ་དང་། འཕྲོད་བསྟེན་རིམས་འགོག་དང་སྨན་བཅོས་སྐྱོབ་བཅོས་ལས་དོན་ལ་མུ་མཐུད་དེ་ཤུགས་རྒྱག་པ། རིམས་ནད་ཕན་ཚུན་འགོ་བར་མུ་མཐུད་དེ་ནན་འགོག་བྱེད་པ། མང་ཚོགས་ལ་དྲིལ་བསྒྲགས་བྱ་རྒྱུ་མུ་མཐུད་དེ་ཤུགས་རྒྱག་པ་བཅས་བྱས་ནས་རིམས་ནད་མེད་པའི་ཡུལ་གྲོང་གི་དཔྱིད་རྨོད་རྨོད་གྲབས་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་འགོ་ཚུགས་དགོས།

   ཡོངས་བསྒྲགས་ཚོགས་འདུའི་ཐོག་འབྲེལ་ཡོད་འགན་འཁུར་བས་ད་དུང་མིག་སྔའི་རྟའུ་ཡི་སྐྱོབ་བཅོས་ནུས་པ་དང་འགག་ཚུགས་དོ་དམ་ཚོད་འཛིན་གནས་ཚུལ། མང་ཚོགས་ཀྱི་བློ་ཁའི་ཚུར་སྣང་ལན་ཆ་ཇི་ལྟར་བྱུང་བ་སོགས་འཕྲིན་སྦྱོར་ཁག་གིས་བཏོན་པའི་དྲི་བར་ལན་བརྒྱབ་པ་རེད།

སི་ཁྲོན་ཉིན་རེའི་ཚགས་པར་དང་དཀར་མཛེས་ཉིན་རེའི་ཚགས་པར། དཀར་མཛེས་བརྙན་འཕྲིན་ལས་ཁུངས། རྟའུ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་དང་དེ་བཞིན་ཁོངས་གཏོགས་འཕྲིན་སྦྱོར་གསར་པའི་ལས་སྟེགས་ཀྱི་གསར་འགོད་པ་ཚོ་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།།


 


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་ལས་གྲྭ་ཆེན་པོ་བཞི་ལག་བསྟར་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་ལས་ཀར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ཐེངས་འདིའི་ནད་དུག་འགོག་བཅོས་ནང་། མེས་པོའི་ཤེས་རབ་ཀྱིས་གོ་ཆོད་སོང་།
  • དོ་སྣང་ཆེ་བའི་རྩོམ།