འགོག་རྒོལ་བྱོས།

རྡོ་དཀར་པོ།        2020-03-13

ཉིས་སྟོང་ཉི་ཤུའི་ཁ་དོག་དམར་པོར་གྱུར།།

ཝུའུ་ཧན་གྲོང་ཁྱེར་གསར་འགྱུར་ཙམ་དུ་ཆགས།།

གློ་ཚད་གསར་བ་འཛམ་གླིང་བསྐོར་ནས་མཆེད།།

གོ་ལའི་ཕྱི་ནང་ཟང་ཟིང་ལང་ལོང་རེད།།

གྲོང་ཁྱེར་སྲང་ལམ་ཁ་ཁུ་སིམ་མེར་འདུག།

མི་ཚོགས་འདུ་འཛོམས་ཉུང་ནས་ཉུང་དུ་ཕྱིན།།

ཕོ་མོ་རྒན་གཞོན་ཡོད་ཚད་ཁ་ཐུམ་ཅན།།

ཏོག་དབྱིབས་ནད་དུག་གཤིན་རྗེ་སླེབས་པ་འདྲ།།

འདི་ལ་འགོག་རྒོལ་བྱེད་དགོས་དབུ་ནག་མྱི།།

རྒོལ་ལན་སྤྲོད་པའི་ཐབས་ལམ་མང་ཙམ་འདུག།

རྒྱུན་ཤེས་འདི་དག་སློབ་ལ་ཤེས་པར་གྱིས།།

ཤེས་ནས་ལག་ལེན་བྱོས་དང་སེམས་ཁྲལ་མེད།།

མི་ཚོགས་འདུ་སར་མ་འགྲོ་ཁྱིམ་ནས་སྡོད།།

སྒོམ་དང་ཉམས་ལེན་ཐུབ་ན་གོ་སྐབས་རེད།།

སྒོ་དང་སྒེའུ་ཁུང་ནང་ནས་མཁའ་དབུགས་གཏོང་།།

ཁ་ཏོན་དགེ་སྦྱོར་བྱོས་དང་ཕན་པ་ཡོད།།

རྒྱུན་དུ་ལག་པ་བཀྲུས་ལ་གཙང་སྦྲ་བྱོས།།

ཁ་ཐུམ་རྒྱོབ་ལ་ཁ་བརྡ་ཉུང་དུ་ཆུགས།།

གློ་ལུ་བྱེད་སྐབས་ཁ་སྣ་དངོས་པོས་ཐུམས།།

སྣ་སྦྲིད་བརྒྱབ་རྗེས་ལག་པས་མིག་མ་འཕུར།།

བདག་མེད་སྲོག་ཆགས་དག་ལ་དོགས་ཟོན་མཛོད།།

ཟ་མ་གསོན་པོར་མ་ཟ་ལེགས་པར་ཚོས།།

ལོ་ལོན་ནད་པ་དག་གིས་ལྷག་ཏུ་གཟོབ།།

རིམས་འགོག་མ་ལམ་ངན་ན་འགོ་བར་སླ།།

ཁ་ལུད་སྐམ་པོ་རྐང་ལག་ཤུགས་ཉམས་དང་།།

ལུས་ལ་ཚ་བ་རྒྱས་ན་སྨན་པར་བསྟེན།།

ནད་རྟགས་འདི་དག་ཡོད་ན་ཉེན་ཁ་ཆེ།།

འགོར་འགྱང་མ་བྱེད་མྱུར་མོར་བརྟག་དཔྱད་བྱོས།།

གོང་གི་སྐད་ཆ་འདི་ཚོ་ཡིད་འཇོག་མཛོད།།

ཚད་བརྒལ་དཀྲོག་གཏམ་མ་སྤེལ་ཕ་བཟང་བུ།།

མཐོང་ཐོས་ཡོད་ཚད་བདེན་པར་མ་རློམ་པར།།

ཏོག་དབྱིབས་ནད་དུག་འགོག་པར་དོགས་ཟོན་བྱོས།།

  • ལེ་ཚན་སྔོན་མ།:མ་ཡུམ་རྟའུ་ལགས། ཁྱེད་རང་བློ་ཕམ་མི་དགོས།
  • ལེ་ཚན་རྗེས་མ།:མར་མེ་དང་འདྲ་བའི་ཚེ་སྲོག