རྟའུ། ང་ཚོ་མཉམ་དུ་ཡོད།

སྦྲ་དུངས་སེམས།        2020-03-11

རྟའུ། ཁྱོད་ཀྱི་སེམས་པ་མ་ཕམ།

ང་ཚོ་ཁྱོད་དང་མཉམ་དུ་ཡོད།

གློ་བུར་གྱི་ཏོག་དབྱིབས་ནད་དུག་གིས།

ཁྱོད་ཀྱི་འབྱུང་གཞི་ལ་རྒོལ་བ་ཇི་ལྟར་བྱེད་ཀྱང་།

ང་ཚོ་ཁྱོད་དང་མཉམ་དུ་ཡོད། སེམས་པ་གཅིག་ཏུ་འདྲེས་ཡོད།


རྟའུ། ཁྱོད་ཀྱིས་དཔའ་ངར་མ་ཞུམ་པར་མདུན་དུ་སྐྱོད་དང་།

ང་ཚོ་བོད་རིགས་སྤུན་ཟླ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ།

ཁྱོད་ཀྱི་རྒྱབ་རྩར་འགྲེངས་ཏེ་ཏོག་དབྱིབས་ནད་དུག་ལ།

རྒོལ་བ་སྤྲོད་ཀྱིན་ཡོད། སང་ཉིན་གྱི་རྒྱལ་ཁ་ལ་རེ་ལྟོས་བྱེད་ཀྱིན་ཡོད།


རྟའུ། ཁྱོད་ཀྱི་སེམས་པ་མ་ཕམ།

ཏོག་དབྱིབས་ནད་དུག་གིས།

ཁྱོད་རང་བཙོན་དུ་འཇུག་པར་ག་ལ་ནུས།

ཁྱོད་ཀྱི་རྒྱབ་རྩ་ན་ཚན་རིག་གིས་འགོག་སྲུང་བསྐོར་ཡོད།

མདུན་དུ་དཀོན་མཆོག་གི་བྱིན་རླབས་ཀྱིས་བདག་པོར་སྲུང་ཡོད།


རྟའུ། སྙིང་སྟོབས་དང་སྤོབས་པ་བསྐྱེད་དེ་མདུན་དུ་སྐྱོད་དང་།

ཁྱོད་ལ་སྤྱན་རས་གཟིགས་ཀྱི་བརྩེ་སེམས་ཀྱིས་གཟིགས་ཡོད།

བོད་མི་ས་ཡ་དྲུག་གིས་བྱམས་བརྩེ་ཡི་དཀྱིལ་དུ་གཉོར་ཡོད།

ནད་ཡམས་འདི་མྱུར་དུ་སངས་པའི་སྨོན་ལམ་འདེབས་བཞིན་ཡོད།


རྟའུ། སྤུན་ཟླའི་སྙན་ངག་ཁྲོད་ཀྱི་རྟའུ།

སྤུན་ཟླའི་བརྩེ་སེམས་ཁྲོད་ཀྱི་རྟའུ།

སྤུན་ཟླའི་སེམས་ཁུར་ཁྲོད་ཀྱི་རྟའུ།

སྤུན་ཟླའི་ན་ཟུག་ཁྲོད་ཀྱི་རྟའུ།

གང་ལྟར། ཁྱོད་ཉིད་ང་ཚོའི་སེམས་ཀྱི་ཉེ་ས་ན་ཡོད།


རྟའུ། ཁྱོད་རང་ཁེར་རྐྱང་ཡིན་པར་མ་བསམ་རོགས།

ཁྱོད་ལ་དཔུང་རོགས་མེད་པར་མ་བསམ་རོགས།

ང་ཚོ་བོད་རིགས་སྤུན་ཟླ་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ།

ཁྱོད་ཀྱི་རྒྱབ་རྩ་ན་འགྲེང་ཡོད།

ཁྱོད་དང་མཉམ་དུ་གནས་ཡོད། སེམས་པ་གཅིག་ཏུ་འདྲེས་ཡོད།

  • ལེ་ཚན་སྔོན་མ།:རྟའུ་ལ་སྤྲིངས་པའི་སེམས་འཕྲིན།
  • ལེ་ཚན་རྗེས་མ།:མ་ཡུམ་རྟའུ་ལགས། ཁྱེད་རང་བློ་ཕམ་མི་དགོས།