གཙང་གསུམ་འབྱུང་ཁུངས་གསོ་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆ6ལྷག་ཙམ་འཕར།

ཡེ་མིང་གིས་བསྒྱུར།        2020-03-10

     ཞིན་ཧྭ་གསར་འགྱུར་ཁང་ནས་སྤྱི་ཟླ3པའི་ཚེས2ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། ཚེས2ཉིན་གྱི་སྔ་དྲོར་གསར་འགོད་པས《གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་གླིང་གའི་སྤྱི་བསྒྲགས(2019)》(གཤམ་ལ་བསྡུ་མིང་དུ《སྤྱི་བསྒྲགས》ཟེར)གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་གླིང་གའི་སྒྲིག་སྲོལ་ཚོད་ལྟ་བྱས་པ་ནས་བཟུང་།  སྲུང་སྐྱོང་བྱ་ཡུལ་གཙོ་བོར་སྲུང་སྐྱོང་དང་སླར་གསོ་དེ་བས་ཡག་པོ་བྱས་ཐུབ་ཡོད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་ཇེ་ཡག་དང་སྐྱེ་ཁམས་ཀྱི་ནུས་པ་བརྟན་དུ་ཕྱིན་ནས། ཆུའི་འབྱུང་ཁུངས་གསོ་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆ6ལྷག་ཙམ་འཕར་བ་དང་། རྩྭ་དང་རྩི་ཤིང་ཁེབས་ཚད་དང་རྩྭའི་ཐོན་ཁུངས་བསྡོམས་འབོར་ལོ་བཅུའི་སྔོན་དང་བསྡུར་ན་ཁག་བགོས་ནས་བསྡུར་ན་བརྒྱ་ཆ11དང་བརྒྱ་ཆ30ལྷག་ཙམ་འཕར་བའི་དུས་མཚུངས་སུ། ཚོད་ལྟ་བྱེད་སའི་ཡུག་ཕྱོགས་ཁུལ་གྱི་གཞིས་མིའི་ཡོང་འབབ་བརྟན་ཁྲོད་འཕར་བ་དང་། “དུད་ཚང་རེར་ལས་གནས་རེའི”སྲིད་ཇུས་ལག་བསྟར་བྱས་ནས་འབྲོག་པ17211ལ་ལོ་རེའི་ཡོང་འབབ་སྒོར21600བྱུང་ནས་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད།

    《སྤྱི་བསྒྲགས》ནང་མཚོན་པར་གཞིགས་ན། 2019ལོར་གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་གླིང་ག་ཡུག་ཁུལ་དུ་ལག་བསྟར་བྱས་པའི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་གྲྭས་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ལས་གྲྭ་དེ་དག་ནང་ས་ནག་གྲམ་ཐང་མུའུ་ཁྲི21ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་། འདམ་རྭ་མུའུ་ཁྲི50སྲུང་སྐྱོང་བྱས་པ། རྩྭ་ཐང་གི་གནོད་ལྡན་སྐྱེ་དངོས་མུའུ་ཁྲི940སྔོན་འགོག་ཚོད་འཛིན་བྱས་པ། བྱེ་འགྱུར་ས་ཆ་མུའུ་ཁྲི2.7འགོག་བཅོས་ཀྱི་ས་མིག་གྲུ་བཞི་བཟོ་བ་དང་གཟན་རྩྭ་མུའུ་ཁྲི2གསབ་འདེབས་བྱས་པ་སོགས་འདུས་ཡོད་པ་རེད། 

    རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་སྐྱེ་ཁམས་ཕན་འབྲས་ཀྱིས་དུས་མཚམས་རང་བཞིན་གྱི་ཕྱོགས་བསྡུས་སྔོན་ཚོད་བྱས་པའི་སྙན་ཞུའི་ནང་བསྟན་དོན། གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་དངོས་གནས་ཚུལ་སྤྱི་ཡོངས་ནས་བལྟས་ནས་བརྟན་པའི་རྣམ་པ་མཚོན་ཞིང་། ཕྱོགས་གཅིག་ཡག་པོ་དང་ཕྱོགས་གཅིག་ཞན་དུ་འགྲོ་བའི་རྣམ་པ་མཉམ་གནས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་པ་རེད།      2019ལོར་གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་གླིང་གས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་དུས་རིམ་གཉིས་པའི་ལས་གྲྭའི་ལས་གཞིའི་རིགས་ཆེན་པོ་ལྔ་ཡི་ལས་གཞི15ལག་བསྟར་བྱས་པ་དང་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་དང་། འབྲོག་ལས་འཕེལ་རྒྱས་བཅོས་བསྒྱུར། ཞིང་ལས་འཕེལ་རྒྱས། ཞིང་ལས་ཐོན་ཁུངས་ཁ་གསབ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར4.89དོན་འཁྱོལ་བྱས་པ་དེས་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་པའི་ལས་གནས་ཁ་གསབ་ཀྱི་མ་དངུལ་སྒོར་དུང་ཕྱུར3.7སྤྱི་འདོམས་དོན་འཁྱོལ་བྱས་ནས་དུས་ཐོག་ཏུ་སྤྲད་ཡོད་པ་རེད།      

      2020ལོར་ནུས་ཤུགས་ཡོད་རྒུས་གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་གླིང་གས་རྒྱལ་ཁབ་རིམ་པའི་གླིང་གའི་ཞིང་ཆེན་འཛུགས་སྐྲུན་དང་། རྒྱལ་ཁབ་རིམ་པའི་གླིང་གའི་གླེང་སྟེགས་སྐབས་གཉིས་པ། “ས་གོ་ལའི་སྲུང་སྐྱོང་པའི་བྱ་དགའི”རེ་ཞུ། གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་རིམ་པའི་གླིང་ག་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། འབྱུང་རྩའི་འགན་འཁྲི་ལག་བསྟར་དང་འབྱུང་རྩ་ནས་ལེགས་སྐྱེས་ཕུལ་ཏེ་ཆུ་བོ་དྭངས་མོ་ཤར་ཕྱོགས་སུ་འབབ་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་ས་སྲུང་ཡོལ་བརྟན་པོ་འཛུགས་སྐྱོང་བྱ་རྒྱུའི་ཁག་ཐེག་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཚང་མས་གཟོབས། ད་ཆ་ནི་རིམས་འགོག་ལ་དཀའ་ཁག་ཆེ་ཤོས་ཀྱི་དུས་ཡིན།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱི་ཞིང་པའི་གླ་པ་མི་ཁྲི895ལས་གནས་སུ་ལོག་ཡོད།ལས་གནས་སུ་ལོག་ཚད་བརྒྱ་ཆ43.9ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།