དཔྱིད་དུས་ཀྱི་ལབ་རྡོལ།

ཁྱུང་མཁར་བཀྲ་ཤིས་དོན་འགྲུབ།        2020-03-10


གོད་ཆག་གི་གནམ་རྡོ་ཞིག

དཔྱིད་ཀྱི་དུས་འདིར།

གསེར་ལྡན་འབྲི་ཆུའི་རྒྱུད་ཀྱི་ཝུའུ་ཧན་དུ་ཐོལ་གྱིས་ལྷུང་སྟེ།

ཕྱོགས་བཞི་མཚམས་བརྒྱད་དུ་རིམ་གྱིས་འགོས།

སྐབས་དེའི་དུས།

ལག་དམར་དུ་གྲགས་པའི་ཕ་ཝང་གི་ཚོགས།

བྲག་ཕུག་དང་མཁར་ཤུལ་དུ།

རྨི་ལམ་ལ་ཡུར་ཞིང་།

གནའ་བོའི་དུས་ནས།

འགྲོ་བ་མི་ཡི་ཨ་མྱེས་ཡང་མྱེས་ཚོས།

རང་ཉིད་གཡང་ཟོག་ཏུ་བརྩིས་ཤིང་།

བཀྲ་ཤིས་རིས་སུ་བཀོད་པའི་ལོ་རྒྱུས་རྗེས་དྲན་བྱས།

བཤད་སྲོལ་ལ།

མཛེས་མ་གཉིས་པོས།

ཕ་ཝང་ཟས་སུ་སྤྱད་དེ།

ནད་ཡམས་འཇིགས་སུ་འོས་པ་འདི།

མགོ་ནག་མི་ཡི་ཁམས་སུ་དྲངས།

ཡ་ང་བའི་མི་ཡཱ།

ང་ཚོར་མུ་གེ་བྱུང་མེད་ལ།

གནའ་མིའི་གཏམ་དུ་གྲགས་པའི།

སྐྱ་ཟད་སྔོ་གཏུག་གི་སྡུག་བསྔལ་ཡང་མྱོང་མ་དགོས་ཏེ་ལོ་མང་ཕྱིན།

ཕ་ཝང་གི་བྱད་རྣམ།

འདི་འདྲ་མི་སྡུག་བ།

ཁ་རུ་ཅི་འདྲ་འཆའ་ཞིང་མིད་པ་རུ་གང་འདྲ་མིད།

མདོར་ན།

དཔྱིད་ཀྱི་དུས་འདིར།

ང་ཚོས་ཏོག་གསར་གློ་ཚད་གླེང་གིན་ཡོད་ལ།

ང་ཚོས་ཏོག་གསར་གློ་ཚད་འགོག་རྒོལ་བྱ་དགོས་ཐུག

    ༢

ནམ་རྒྱུན་དང་མི་འདྲ་བ།

ད་ལོའི་ལོ་སར་གྱི་གྲ་སྒྲིག་ནི།

བྲོ་བཅུད་ཟུང་མངའ་ཡི་ཁ་ཟས་མ་ཡིན་ལ།

དྲོ་འཇམ་ཉིས་ལྡན་གྱི་གོས་ཆས་ཀྱང་མིན།


གསར་འགྱུར་དུ་སྒྲོག་པའི་ནད་པའི་འཕར་ཚད།

འགོག་རྒོལ་མན་ངག་ཏུ་གྲགས་པའི་ཐབས་ཤེས་སྣ་མིན།

ད་རུང་།

ནམ་རྒྱུན་སེམས་ཁུར་ཆེས་མི་བྱེད་པའི་ས་མིང་དེ་དག

རྣ་བ་རུ་གཟན་ཞིང་མིག་ལམ་དུ་ཁེངས།


ཁ་ནི་གྱོད་ཀྱི་སྒོ་མོ་ཡིན་རབས།

གནའ་ནས་བཤད་སྲོལ་ཡོད་ཅིང་།

ལས་རྒྱུ་མང་ན་འོང་རྒྱུའང་མང་ཟེར་བ་ནི།

ཁ་དཔེ་རུ་སྔར་ནས་གསལ།

མི་སྤྱང་དགུ་སྤྱང་གི་འགྲོ་བ་མིའི་རིགས།

གོད་ཆག་བྱུང་རྗེས་གཞི་ནས་སྔོན་མཁྱེན་གསུངས་རྒྱུར་མཁས།


ངའི་ཤ་རུས་གཅིག་པའི་ཤ་ཉེ་མིང་སྲིང་ཚོས།

སྐེ་རུ་ནག་པོ་དགུ་སྦྱོར་བཏགས་ཤིང་སྨྲ་སྒོ་རུ་ཁ་ཤུབས་ཐུམས་ཏེ།

རི་ཁྲོད་ལོ་གྱོན་མ་ཡི་གཟུངས་སྔགས་བཟླས་ཞོར།

དོགས་ཟོན་ལྷོད་དུ་གཡེང་།

      ༣

རི་འགོ་ཡི་ཁ་བ་མ་ཞུ་གོང་དུ།

རི་འདབས་ཀྱི་ལྕང་ལོ་མ་སྔོ་སྔོན་ལ།

མི་འདོད་པའི་གཏམ་ངན་རྣ་བར་ཐོས་ཤིང་།

ཡིད་སྐྱོ་བའི་ཡིག་ཚོགས་དང་བརྙན་རིས་མིག་ཏུ་མཐོང་།

རྟའུ།

གངས་ལྗོངས་མ་མའི་གཅེས་ཕྲུག་འདིར།

ནད་ཡམས་ཀྱིས་འཚེ་ཞིང་།

ང་དང་འདྲ་བའི།

གདོང་དམར་མགོ་ནག་གི་མིང་སྲིང་མི་ཉུང་བ།

ནད་གདོན་གྱི་ལག་ཏུ་ཚུད།

རྟའུ།

ཐེངས་དང་པོ་ཁྱོད་ཀྱི་མིང་ཚོར་དུས།

སློབ་གྲྭ་ཞིག་ནས་ཡིན་ལ།

རྗེས་སུ་ང་རང་གི་ཤེས་བྱའི་འདབ་བརྒྱད།

ཡུལ་དེ་ནས་འཁྲུངས་པའི་སྐྱེ་མཆོག་རྣམ་གཉིས་ཀྱི་ཉི་ཟེར་ཁྲོད།

རིམ་གྱིས་ལོ་འདབ་རྒྱས།

རྟའུ།

ང་ཁྱོད་ཀྱི་མཉེན་རུམ་དྲོ་མོ་རུ།

ཉིན་ཞག་ཉི་ཤུ་ལས་བསྡད་སྐལ་དབེན་ནའང་།

ཁྱོད་ཀྱི་ཡུལ་ལྗོངས་ངའི་དྲན་སེམས་སུ་རི་མོ་རུ་བརྐོས།

ཨ་མྱེས་དང་ཨ་ཕྱི་ཡི་ཕྱག་ཏུ་བགྲང་བའི་ཕྲེང་རྒྱུན་དང་།

དལ་མེད་འཁོར་བའི་ལག་འཁོར།

ཨ་ཁུ་དང་ཨ་ནེའི་ངག་ལས་ཐོན་པའི་ཕ་སྐད་དང་།

རྡོག་བྲོ་ཡི་སྟངས་སྟབས།

ཕུ་ནུ་མིང་སྲིང་གི་གདོང་དུ་བཞད་པའི་འཛུམ་གྱི་མེ་ཏོག་དང་།

དྲོད་སྣང་སྣང་གི་གླུ་དབྱངས།

བརྗེད་མི་ཕོད་ཅིང་བརྗེད་ཀྱང་མི་སྲིད།

སྐམ་ལུ་རེ་རེ་རུ།

དཔྱིད་ཀྱི་དཔལ་ཡོན་སྐྱ་རིས་སུ་གྱུར་ཞིང་།

གདུང་སེམས་ནི་

གཤོག་ཐོགས་ཀྱི་ཁྲུང་ཁྲུང་དཀར་པོར་སྤྲུལ་ཏེ།

སྔར་ནས་རི་ཀླུང་བརྒལ་ནས།

རྒྱང་རིང་ཞིང་ཐག་ཉེ་བའི་རྟའུ་རུ་འཕུར།

          


  • ལེ་ཚན་སྔོན་མ།:རྟའུ། སེམས་པ་ཁྱོད་ཀྱི་ཕྱོགས་སུ་ཡོད།
  • ལེ་ཚན་རྗེས་མ།:རྟའུ་ལ་སྤྲིངས་པའི་སེམས་འཕྲིན།