རྟའུ་ནས་ཕུལ་བའི་བཀའ་དྲིན་ཞུ་ཡིག

ནོར་བུས་བསྒྱུར།        2020-02-28

 རྒྱ་ཆེ་བའི་བྱམས་ལྡན་ཁེ་ལས་དང་སྡེ་ཚན། སྤྱི་ཚོགས་ཚོགས་པ། ལས་རིགས་ཁག་གི་བྱམས་ལྡན་མི་སྣ་བཅས་ལ་གུས་ཞུ།

   ལྕགས་བྱི་ལོ་ལ་རིམས་ནད་ཚབས་ཆེན་ཞིག་གིས་གློ་བུར་དུ་རྒོལ་པས་ཁྲོན་ནུབ་མཐོ་སྒང་གི་ལྟེ་བ་རུ་གནས་པའི་ཁམས་རྟའུ་ས་ཆ་ལ་ལོ་ངོ་སྟོང་ལ་བྱུང་མ་མྱོང་བའི་ནད་ཡམས་ཀྱི་གོད་ཆག་འདི་ཕོག་སོང་བ་རེད། འདི་འདྲའི་ནད་རིམས་ཚབས་ཆེན་གྱི་ཉེན་ཁར་ཐུག་པའི་སྐབས་སུ། གོས་དཀར་ལུས་ལ་མནབས་པའི་སྨན་པ་རྣམས་ཀྱིས་ནད་པར་སྨན་བཅོས་ཀྱི་ལས་ལ་བྲེལ་ཞིང་མདུན་དུ་བསྐྱོད་པ་དང་། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དགུང་ཨ་སྔོན་གོས་དང་དམའ་ས་གཞི་གདན་དུ་བྱས་ཏེ་ཉིན་མཚན་མེད་པར་འཐབ་ཕྱོགས་དང་པོར་བརྟན་སྲུང་དང་འབད་འཐབ་བྱེད་བཞིན་ཡོད། བྱམས་ལྡན་མི་སྣ་རྣམས་ཀྱིས་བརྩམས་ཆོས་བརྒྱུད་ནས་བརྩེ་སེམས་བཅངས་ཤིང་ངར་ཤུགས་བསླངས་པ་དང་། ཆུ་ཐིགས་བསགས་པས་རྒྱ་མཚོ་ལྟར་མྱུར་སྐྱོར་གྱི་དངུལ་སྒོར་དང་དངོས་ཟོག་གིས་ཞལ་འདེབས་ཆེ་ཕྲ་ཕུལ་བ་སོགས་བརྩེ་སེམས་ཟབ་མོ་དང་བྱམས་སེམས་དྲོན་མོས་ཡངས་པའི་ས་གཞི་ཁེངས་པས། འདིར་ཁྱེད་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

   རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལས་ང་ཚོས་དྲོ་སྐྱིད་ལྡན་པའི་མེས་རྒྱལ་ཁྱིམ་ཚང་ཆེན་མོ་རུ་མི་རིགས་མཐུན་སྒྲིལ་ནི་ཆེས་སྙིང་ཉེ་བ་དང་། ལས་སྒྲུབ་མི་སྣ་དག་ནི་ཆེས་གཅེས་སུ་འོས་པ། ལྷད་མེད་ཀྱི་བརྩེ་སེམས་ནི་ཆེས་རྩ་ཆེ་བ་དང་། སྐྱེ་བོ་ཕལ་བའི་འགན་འཁྲི་ནི་ཆེས་བརྩི་བཀུར་བྱེད་འོས་པ་ཡིན་པའི་མྱོར་ཚོར་ཟབ་མོ་ཐེབས་བྱུང་། རྟའུ་མི་དམངས་རྣམས་ཀྱིས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་ནི་ཁྱེད་ཚོའི་བརྩེ་སེམས་དང་ལེགས་སྐྱེས་དྲོན་མོས་ང་ཚོར་གྲང་ངར་ཆེ་བའི་གངས་འཁྱགས་ཁྲོད་དེ་བས་སྙིང་ཉེ་བའི་དྲོད་ཁོལ་འབར་བ་དང་། ཁྱེད་ཚོའི་གཅེས་སེམས་ཀྱི་དགེ་བ་ལས་ང་ཚོར་བྱ་ཐབས་བྲལ་བའི་གདམས་གསེས་ཁྲོད་དྲོ་སྐྱིད་ཀྱི་ཚོར་བ་སྟེར། ཁྱེད་ཚོའི་ནུས་ཤུགས་ཡོད་རྒུའི་རོགས་སྐྱོར་གྱིས་ང་ཚོར་འབད་འབུངས་མདུན་སྐྱོད་ཁྲོད་ལྡབ་འགྱུར་གྱི་སྟོབས་ཤུགས་བསྩལ། རྟའུ་མི་དམངས་ཀྱིས་ཁྱེད་རྣམ་པའི་དྲིན་ཚོར་བཞིན་ཡར་རྒྱས་ཧུར་བརྩོན་བྱ་རྒྱུ་ཡིན་ཏེ། རྟའུ་ནི་གསར་བརྗེའི་གཞི་རྒྱུ་ལྡན་པའི་གྲོང་ཁྱེར་ཞིག་དང་། རྟའུ་ཡི་མི་རྣམས་ནི་དྲིན་ཅན་དྲིན་དུ་ཚོར་བའི་ཚོགས་སྤྱི་ཞིག་ཡིན་གཤིས། ང་ཚོས་ཐོག་མཐའ་བར་གསུམ་དུ་དྲིན་ཚོར་གྱི་སེམས་པ་བཅངས་ཏེ་བྱམས་སེམས་བརྒྱུད་སྤྲོད་བྱས་ནས་མི་དེ་བས་མང་པོར་དྲོ་སྐྱིད་བདེར་འགོད་ཀྱི་ནུས་པ་འདོན་ངེས་ལགས། ང་ཚོས་ངེས་པར་དུ་མངག་བཅོལ་གལ་ཆེན་སྟོང་ཟད་དུ་མི་གཏོང་བར་དངུལ་སྒོར་སྐར་མ་གཅིག་ཀྱང་བེད་སྤྱོད་ཡག་པོ་བྱས་ཏེ་ཁྱེད་ཚོའི་བྱམས་དང་བརྩེ་བ་འཕྲལ་མ་ཉིད་དུ་དགོས་མཁོ་ཆེ་ཤོས་ཀྱི་ས་གནས་སུ་བརྒྱུད་སྤྲོད་བྱ་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན།

   ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། སྤྱི་ཚོགས་ལས་རིགས་ཁག་གིས་དོ་ཁུར་དང་རྒྱབ་སྐྱོར་གཅིག་སྡུད་བྱས་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཡོད་པས། ང་ཚོ་དཔའ་ངར་ཆེ་བའི་རྟའུ་མི་དམངས་རྣམས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་སྲུང་སྐྱོང་དམག་འཐབ་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།

   རིམས་ནད་འདི་ཆད་རྗེས་ང་ཚོས་ཁ་ཤུབས་ཕུད་དེ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུངས་ནས་གཤིས་ཆུ་སྔོན་མོའི་ངོགས་སུ་མཉམ་འཛོམས་བྱས་ཏེ་མཛེས་སྡུག་ལྡན་པའི་མཐོ་སྒང་གི་དཔྱིད་ཀ་བསུ་བར་འགྲོ།


ཀྲུང་གུང་རྟའུ་རྫོང་ཨུ། རྟའུ་རྫོང་མི་དམངས་སྲིད་གཞུང་།

2020ལོའི་ཟླ2པའིཚེས26ཉིན།

  • ལེ་ཚན་སྔོན་མ།:དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གི་ནད་པ2དྲག་ནས་སྨན་ཁང་ལས་བུད་པ་དང་།མི46ཟུར་དུ་བཀར་བ་ལས་ཕྱིར་འཐེན་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།