ཕ་ཡུལ་ན་དཔྱིད་ཀ་སླེབས་འདུག

ཨ་ཁྱ་ནོར་དགའ།        2017-03-30

ཁུ་འཕངས་ཐར་ཐོར་གྱི་ལམ་སྣེ་འཐེན་ཞོར།།

སྨོན་ལམ་མེ་ཏོག་གི་འཛུམ་ཞིག་སྟོན་ཞོར།།

རླུང་གི་ཁུག་པ་ཡིས་དྲོད་ཞིག་བཟུངས་དུས།།

དར་གྱི་སྦུབས་སྲུབས་ལས་སུ་ཞིག་གྲོལ་རན།།

སོ་ནམ་གྲོང་ཚོ་ལ་བྲེལ་ཞིག་ལངས་ནས།།

གཤོལ་མདའ་རིང་མོ་འདི་ལག་ལ་ཐོགས་ནས།།

འབྲི་རིགས་སྣ་མང་གི་ཆབ་ཞིག་བྲན་དུས།།

དུས་བཞིའི་འཁོར་ལོ་ཡི་གང་ཞིག་སླེབས་འདུག།

དགུན་གྱི་ལྭ་བ་འདི་ཕར་ལ་ཕུད་ནས།།

འཇིག་རྟེན་གསར་བ་ཞིག་ལྷོད་ཀྱིས་བསུ་ཞོར།།

ཉིན་ཁུག་དྲོན་མོ་ནས་ཉི་མར་ལྡེ་དུས།།

འོད་ཀྱི་གཏིང་རུམ་ལ་སུ་ཞིག་བརྣབས་ཡོད།།

འགྲོ་བའི་འཁོར་བ་ལ་དྲོད་ཞིག་ལྡང་ནས།།

རི་ལུང་ཡོད་ཚད་ཀྱིས་བཟི་གཏམ་བཤད་ཞོར།།

རྒོད་པོའི་གཤོག་འགྱུར་འདི་གཉིད་ཀྱིས་བཟུང་དུས།།

ཤ་སྦྲང་དབྱངས་རྟ་ལ་སུ་ཞིག་བཏགས་ཡོད།།

གངས་ཀྱིས་ལ་ཐོད་ཀྱི་ཕྱིང་ཞྭ་ཕུད་ནས།།

ལང་ལོང་སྨུག་སྤྲིན་ཞིག་མགུལ་ལ་བཏགས་ཞོར།།

རང་གི་རྔོག་མ་ལས་རྨི་ལམ་འཚོལ་དུས།།

རང་རང་རྨི་ལམ་དེ་གང་ལ་སླེབས་འདུག།

ས་རྡུལ་འཚུབ་མ་ཡི་རི་ལུང་བར་ན།།

ནོར་གྱི་རྐང་སྣེ་དེ་རྡོ་ལ་ཁེན་ཞོར།།

རྫ་བྲག་མཐོན་པོ་ཡི་ལམ་ཕྲང་བརྒྱུད་དུས།།

རྨིག་རྗེས་གསོན་པོ་ལས་སུ་ཞིག་འཁྲུངས་རན།།


  • ལེ་ཚན་སྔོན་མ།:ཁ་བ་དང་རྨི་ལམ།
  • ལེ་ཚན་རྗེས་མ།:ངུ་བ།