ང་ཡི་སྤུན་ཟླ། སྐྱོ་སྐྱོ་མ་གནང་།

མགར་ལྷུན།        2020-02-24

   སྤུན་ཟླ་ཡ་ང་ཡི་རྟའུའི་སྤུན་ཟླ་ཚོ། དྲང་མོར་བཤད་ན་རྟའུ་རྫོང་ཞེས་པ་ནི་ཐེངས་འདིའི་ནད་ཡམས་བརྒྱུད་ནས་ཐོག་དང་པོར་ཐོས་པ་ཡིན་མོད། རང་གི་རིགས་ཤིག་ནད་ཡམས་ཀྱིས་མནར་གྱིན་པ་ཐོས་ཚེ་སེམས་ཀྱི་གཏིང་རིམ་ནས་སྐྱོ་བའི་རླབས་རིས་ཤིག་ཡང་ཡང་སྐྱོམ་པར་བྱེད་ལ། མི་འདོད་ནད་ངན་ཞིག་གིས་རང་གི་རིགས་མཐུན་གྱི་སྤུན་ཟླ་དག་གི་ཚེ་སྲོག་ལ་གནོད་འཚེ་གཏོང་གིན་པ་མཐོང་ཚེ་མིག་ཀོང་ནས་མཆི་མའི་ཐིགས་པ་ཡང་ཡང་ཟག་པར་བྱེད།

    སྤུན་ཟླ་དག སྐྱོ་སྐྱོ་མ་གནང་དང་། ང་ཚོས་རྩལ་དགུ་སྤྲུགས་ཏེ་སྙིང་སྟོབས་ཀྱི་སྒོ་མོ་འབྱེད་དགོས། བདུད་ནག་གི་ཆོ་འཕྲུལ་གྱིས་རྟའུ་རྫོང་གི་མཁའ་དབྱིངས་སྒྲིབ་ནའང་། ང་ཚོའི་མགོ་ཐོག་གི་ནམ་མཁའ་མ་འགྱངས་པར་སྔར་ལྟར་དུ་སྔོ་ཞིང་བསང་ལ། དྭངས་ཤིང་གཙང་ངེས་ཡིན། ནད་གདོན་གྱི་འཇབ་རྒོད་ཐེངས་ཤིག་གིས་མིའི་རིགས་ཀྱི་ཨོལ་མ་བསྒགས་ཏེ་ནང་སེམས་ལ་བུ་ག་བཏོད་ན་ཡང་། ལྭ་དཀར་གྱོན་པའི་ལྷ་ཚོགས་ཀྱིས་འཚོ་གནས་ལ་བརྩོན་ལེན་བགྱིས་ཏེ་ནད་དུག་ལ་འཐབ་རྩོད་གནང་གིན་ཡོད་པ་མ་ཡིན་ནམ། གྲོགས་པོ་དག ངུ་ངག་མ་འབྱིན། ཁྱེད་ཚོའི་མགོ་བོ་བྲང་དུ་མ་དུད་ཡར་ལ་དགྱེ་རོགས། སྲིན་པོས་བཟུང་བའི་རྟའུ་རྫོང་གི་ས་གཞིའི་ཁ་དོག་སྐྱ་བོར་གྱུར་ཀྱང་། ང་ཚོས་ཨམ་གཙིགས་ཀྱིས་རྐང་གཉིས་ས་ལ་བཙུགས་ནས་དཔའ་གདེང་གི་གོམ་ཁ་མདུན་ལ་ཕྱོགས་དགོས།

    ནང་མི་ཚོ། འོ་སྐོལ་ནི་བུད་ན་སྒང་གཅིག་དང་ལྷུང་ན་ཁུག་གཅིག་ཏུ་གནས་པའི་ནང་མི་ཡིན་པས། ང་ཚོས་ཁྱེད་ཅག་ལ་ལྷད་མེད་དག་གཙང་གི་སྨོན་འདུན་ཞུ་ཡི་ཡོད་ཅིང་། མ་བཅོས་ལྷུན་གྲུབ་ཀྱི་འབོད་སྐད་འབྱིན་བཞིན་ཡོད། ངུ་བྲོ་བའི་མནར་གཅོད་ཚ་བོ་དེས་ཁྱེད་ཉིད་མུན་ནག་གི་དོང་ཞིག་ཏུ་བརྫངས་སོང་། འཇིགས་ཡེར་བའི་རིམས་ནད་ཁ་བོ་དེས་ཁྱེད་རང་ཞབས་མེད་པའི་འོབས་ཤིག་ཏུ་འཕངས་བྱུང་། ཡིན་ཡང་། ཕངས་སེམས་མི་སྐྱེ་རོགས། གངས་ལྗོངས་ཀྱི་ནམ་མཁའ་སྔོན་པོ་ཡིན་ན་རྟའུ་རྫོང་གི་ནམ་མཁའ་ནམ་ཡང་སྔོ་སང་ངེར་འདུག་ལ། གངས་ཅན་གྱི་ས་གཞི་ལྗང་ཁུ་ཡིན་ན་རྟའུ་རྫོང་གི་ས་གཞི་གཏན་དུ་ལྗང་ལྡེམ་མེར་གནས། རྒྱུ་མཚན་རྟའུ་ནི་གངས་ཅན་གྱི་བྱེ་བྲག་ཡིན་ཕྱིར། གདོང་དམར་བའི་བྱེ་བྲག་ཡིན་ཕྱིན།

    ང་ཡི་སྤུན་ཟླ། རྟའུ་ལགས། སྐྱོ་སྐྱོ་མ་གནང་དང་། སྐྱོ་གདུང་དང་ཟུག་གཟེར་གྱི་སྨྲེ་ངག་ང་ཚོས་ལྷན་གཅིག་ཏུ་འདོན་ཆོག ནད་ཡམས་ཀྱིས་ཁྱུར་མིད་ཐེངས་ཤིག་གིས་འུ་ཅག་གི་རྣམ་ཤེས་གཟུགས་མེད་ཀྱི་གཟེབ་ཅིག་ཏུ་བཅུག་ཀྱང་། ང་ཚོས་མགོ་བོ་མཐོ་མཐོ་བྱས་ཏེ་སང་ཉིན་གྱི་ཉི་ཟེར་བསུ་ཆོག  རིམས་ནད་ཀྱི་གཡུལ་ལས་རྒྱལ་ཏེ་རེ་བས་བརྟས་པའི་སང་ཉིན་འཛུམ་གྱིས་བསུ་ཆོག    


  • ལེ་ཚན་སྔོན་མ།:ནད་ཡམས།
  • ལེ་ཚན་རྗེས་མ།:མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གནང་བའི་བཀའ་སློབ་གལ་ཆེན་ཞིག