ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་དགོན་པའི་དོ་དམ་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-03-23

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔ་ཕྱིར་རྟའུ་རྫོང་གི་ཉི་མཚོ་དགོན་པ་དང་བྲག་དཀར་ཇོ་མོ་དགོན་པར་ཕྱིན་ནས་དགོན་པའི་ཁྲིམས་ལྟར་དོ་དམ་ཚད་དང་ལྡན་པ་བྱེད་པའི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་དང་ཁོང་གིས་སྔར་ལྷག་གིས་བྱ་ཐབས་གསར་སྐྲུན་དང་ཐབས་ཤེས་ཇེ་དྲག་ཏུ་བཏང་ནས་ཏན་ཏིག་གིས་དགོན་པ་ཁྲིམས་ལྟར་དོ་དམ་ཚད་དང་མཐུན་པ་བྱེད་པའི་ལས་ཀ་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པ་དང་ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་ཕན་ཚུན་འཕྲོད་པར་ཁྲིད་སྟོན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ལིའུ་ཁྲེང་མིང་གིས་ཉི་མཚོ་དགོན་པར་དགོན་པ་དང་གྲྭ་ཤག་གི་ཆ་རྐྱེན་ལ་གཟིགས་ཞིབ་གནང་བ་དང་བྲག་དཀར་ཇོ་མོ་དགོན་པ་རུ་ཇོ་མོའི་འཚོ་བ་དང་སྒོམ་སྒྲུབ་བྱེད་ཚུལ་ལ་ཆ་རྒྱུས་ཟབ་མོ་བླངས་པ་རེད། དགོན་པའི་དོ་དམ་ཨུ་ལྷན་གྱིས་དགོན་པའི་དོ་དམ་ལས་ཀའི་གནས་ཚུལ་སྙན་སེང་ལ་གསན་འཇོག་གནང་བ་རེད། ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་དང་ལས་ཀའི་སྙན་སེང་ལ་གསན་རྗེས་ལིའུ་ཁྲེང་མིང་གིས་རྟའུ་རྫོང་གི་དགོན་པའི་ཚད་ལོན་རིམ་སྤར་ལས་ཀའི་ཐད་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་བ་རེད།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། དགོན་པ་ནི་གཞི་རྩའི་སྤྱི་ཚོགས་ཀྱི་གྲུབ་ཆ་ཞིག་ཡིན་ལ་གྲྭ་བཙུན་ནི་གཞི་རྩའི་མང་ཚོགས་ཡིན་པས། ནུས་ཤུགས་གཅིག་བསྒྲིམས་ཀྱིས་དབུལ་ཐར་འགག་སྒྲོལ་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་ན་དགོན་པ་དང་གྲྭ་བཙུན་ནི་ཁེ་ཕན་ཐོབ་མཁན་ཡིན་ལ་དེའི་ནང་ཞུགས་མཁན་ཡང་ཡིན། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་པ་གཅིག་དང་དུད་ཚང་གཅིག་ཀྱང་ཆད་ལུས་མི་བྱེད་པའི་བླང་བྱ་ལྟར་དགོན་པའི་སྤྱི་པའི་ཞབས་ཕྱི་ཞུ་ཚད་མཐོར་འདེགས་གཏོང་ཤིང་། ཆུ་དང་གློག ལམ་སོགས་སྤྱི་པའི་ཞབས་ཞུ་སྒྲིག་བཀོད་ལེགས་སུ་བཏང་ནས་དགོན་པའི་ལྔ་ཡོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁྱོན་ཡོངས་ནས་དགོན་པའི་གྲྭ་བཙུན་གྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་སྨན་བཅོས་འགན་སྲུང་། ནད་གཞི་ལྗིད་པོར་རོགས་སྐྱོབ་སོགས་སྤྱི་ཚོགས་འགན་སྲུང་ཐོབ་ཐང་དོན་འཁྱོལ་བྱས་ནས་གྲྭ་བཙུན་ཡང་དུས་མཉམ་དུ་འབྱོར་འབྲིང་སྐྲུན་པའི་ཁྲོད་རྗེས་སུ་མི་ལུས་པར་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཁྲོད་དུ་དྲིན་དྲན་གྱི་འདུ་ཤེས་ཆེ་རུ་གཏང་དགོས།  ཁོང་གིས་རྒྱ་ཆེ་བའི་ཆོས་ལུགས་ལས་རིགས་མི་སྣར་རྒྱལ་གཅེས་ཁྲིམས་སྲུང་། སྡོམ་སྲུང་ཉམས་ལེན། ཏང་དང་སེམས་མཐུན་སྤྱོད་མཐུན་བཅས་བྱས་ནས་ཧུར་ཐག་གིས་རྒྱལ་གཅེས་ཁྲིམས་སྲུང་དང་དྲིན་དྲན་མཐུན་སྒྲིལ་ཡིན་པའི་སྤྱི་འབངས་ཡག་མོ་ཞིག་བྱ་རྒྱུར་བརྩོན་ལེན་བྱེད་པ་དང་།  ཐུན་མོང་ཐོག་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་སྤྱི་ཚོགས་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་གཞག་དགོས་ཞེས་སྐུལ་མ་གནང་བ་རེད།།

  • ལེ་ཚན་སྔོན་མ།:དམིགས་འབེན་སྲ་བརྟན་དང་སེམས་ཐག་གཙང་བཅད་ནུས་ཤུགས་ཡོད་དགུསAལྔ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་བྱེད།
  • ལེ་ཚན་རྗེས་མ།:ད་ལོར་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབང་པོ་སྐྱོན་ཅན་མི་སྣ5720ཁྱིམ་སྡོད་ལས་ཞུགས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།