​ཁམས་རྟའུ་ལ་བསྐུར་བའི་སྙིང་གཏམ།

རྒན་གོང་ཨོ་རྒྱན་རྡོ་རྗེ།        2020-02-21

སྟོད་མངའ་རིས་སྐོར་གསུམ་སྙན་རེ་གསོན།།

བར་དབུས་གཙང་རུ་བཞི་སྤྱན་རེ་གཟིགས།།

སྨད་མདོ་ཁམས་སྒང་དྲུག་ཐུགས་ལ་ཞོག།

ང་རྒན་པོར་གཏམ་གསུམ་བཤད་རྒྱུ་ཡོད།།


ནད་ཏོག་དབྱིབས་ཟེར་བའི་བདུད་འདྲེ་དེ།།

སྐྱིད་མི་ཡུལ་ཁམས་ལ་ཆག་སྒོ་ཆེ།།

སེམས་དམར་ཆུང་མང་པོར་འཇིགས་པ་བསྐུལ།།

མི་ཆེ་ཆུང་ཀུན་ལ་བར་ཆད་གཏོང་།།


ཉི་མ་རེ་རེའི་དུས་ཀྱི་ཞོགས་པ་ལ།།

ཁྲུས་མ་བྱས་སྐད་འཕྲིན་ཚུར་ལ་བླངས།།

བལྟ་ཐོག་མ་ནད་དུག་སྐོར་ལ་བལྟས།།

རིག་ཐོག་མ་ཨང་ཀི་མང་པོ་རིག།


ཁྱོད་དཀར་མཛེས་ཁུལ་ལ་འཕར་འདུག་ཟེར།།

ཁམས་རྟའུར་ཇེ་མང་རེད་སོང་ཟེར།།

ང་རྒན་པོ་རེ་ཞིག་ཧད་དེ་ལུས།།

སེམས་བསམ་པ་ཤིན་ཏུ་སྐྱོ་བར་གྱུར།།


ངེད་འདུག་ས་དབུས་གཙང་ཕྱོགས་སུ་རེད།།

ཁྱོད་གནས་ས་མདོ་ཁམས་སྒང་དྲུག་རེད།།

ངེད་སྤྲེའུའི་རིགས་རྒྱུད་གཅིག་འདྲ་རེད།།

ང་རྒན་པོ་མི་སྐྱོ་ཅི་ལ་སྲིད།།


ནད་ཏོག་དབྱིབས་གདུག་རྩུབ་ཆེ་ན་ཡང་།།

ཁྱོད་རྟའུས་བཟོས་ལེ་མ་རེད་ཀོ།།

མི་འགྲུལ་ཟམ་ཆེ་བའི་དུས་འདི་ལ།།

ཁྱོད་རྟའུར་བར་ཆད་བྱུང་ལེ་རེད།།


རྒྱུ་འབྱོར་པ་ཡོད་ན་རོགས་རེ་བྱོས།།

ཁམས་རྟའུ་དཀའ་ནས་ཡོད་ལེ་རེད།།

སྟོབས་ནུས་ཤུགས་ཡོད་ན་ལག་རེ་འཐེན།།

ཁམས་རྟའུར་བར་ཆད་བྱུང་ལེ་རེད།།


རྟ་འདོ་བ་བཞོན་ན་མཉམ་ཞོན་རེད།།

གུར་དཀར་པོ་རྒྱག་ན་ཁ་འཕྲོད་རེད།།

ནད་ཏོག་དབྱིབས་འགོག་ན་མཉམ་འགོག་རེད།།

ངེད་གདོང་དམར་རུས་པ་མཁྲེགས་ལེ་རེད།།


གོང་ཏང་གི་མགོ་འདྲེན་ཡོད་ལེ་རེད།།

བར་ལྷ་རྗེའི་འབད་པ་ཡོད་ལེ་རེད།།

འོག་འབངས་ཀྱི་རྒྱབ་སྐྱོར་ཡོད་ལེ་རེད།།

ཁྱོད་རྟའུ་འགྱེལ་ལེ་མ་རེད་ཀོ།།


ལུས་ཐང་པོ་ཡིན་ན་གཟབ་པར་བྱོས།།

ནད་ངན་པས་བཟུང་ན་ལྷ་རྗེ་སྟེན།།

ནད་ཏོག་དབྱིབས་མཐའ་ལ་མ་ཐོན་བར།།

ཡུལ་རྟའུ་རིག་པ་སྒྲིམས་ཤོག་ཨང་།།


  • ལེ་ཚན་སྔོན་མ།:ཁམས་ཀྱི་རྟའུ་པ། ངའི་ཕུ་ནུ་མིང་སྲིང་།
  • ལེ་ཚན་རྗེས་མ།:ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱ།