བོད་ལྕགས་ཕོ་བྱི་བ་ལོའི་ལོ་སར་ལ་ཕུལ་བའི་མྱངས་པས་ངོམས་པ་མེད་པའི་གླུ།

ཐ་སྐར།        2020-02-21

   ཀ།

ཚེས་གཅིག་གི་མེ་ལོང་དུ།

ལྷན་འཛོམས་ཀྱི་གླུ་གཞས་འཐོར།

སྙིང་གཏམ་གྱི་ཆུ་ཐིགས་ཡང་ཡང་འཛག

      ཁ།

རྟེན་འབྲེལ་གྱི་དབུ་ཁྱུད་བྲིས་རྗེས།

ང་དང་ཁྱོད།

བརྩེ་འཛུམ་གྱིས་བགད་ནས་ཡོད།

   

དེ་རིང་ཁོ་ན།

སྤྲོ་སྐྱིད་ཀྱི་འོད་ཀྱིས་བྲན་ཞིང་།

ཡིད་སེམས་འཇའ་ཡིས་བཀླུབས།

       ང་།

ལོ་རེ་རེའི་ཟླ་བ་དང་པོའི་ཚེས་གཅིག་སྟེ།

ཐག་པའི་མགོ་དང་སྣེ་ལྟ་བུའི་ཁྱོད།

ང་ཚོས་ཁ་བའི་དྭངས་གཙང་བཏོགསནས།

འཆོར་སྒེག་གི་སྨིན་མ་འབྲི་བར་བྲེལ།

   ཅ།

དུས་ཚོད་འདིས།

འོད་ཀྱི་ཕྱུ་བ་གྱོན་ནས།

སེམས་ཀྱི་ཁང་ཁྱིམ་ནང་གི་མུན་པ་གཏོར་ཆོག

      ཆ།

ལོ་སར་ལོ་སར་ཞེས་པ་དེས།

ལྐོག་ལྐོག་སུད་སུད་ངང་།

བར་སྣང་སྒུལ་གྱི་འདུག

དུས་ཚོད་དཀྲོག་གི་འདུག

      ཇ།

རང་གི་མཛུབ་རྩེ་བརྒྱུད་ནས།

ལོ་སར་སླེབས་ལ་ཉེ་བའི་མཚན་མོར།

ང་དང་འདྲ་བའི།

བྱིས་པ་མང་པོ་ཞིག་གཉིད་མ་ཁུག

      ཉ།

འཁོར་བའི་གཅོང་རོང་དུ།

བདེ་སྐྱིད་ཀྱི་བྲག་ཅ་བླུགས་མཁན།

བརྩེ་བ་རེད།

དེ་ལས་ལྷན་ཚོམས་ཀྱི་ལོ་སར་འཛུམ་པ་

རང་རེད།

      ཏ།

ཚེས་གཅིག་གིས་ང་སྒུལ་བྱུང་།

ངའི་སྙན་ངག་དང་།

གཏིང་རིང་བའི་རྨི་ལམ་གྱི་འགྱུར་ཁུགས།

ད་དུང་། མི་ཚོགས་དང་བཅས།

      ཐ།

རིགས་ཀྱི་ཆུ་ལག་ཆད་པའི་སྒྲ།

ཞེ་འདང་གི་ཁ་དོག་ཡལ་བའི་གོད་ཆག

ཡོད་ཚད་རེ་ཞིག་གསང་ཞིང་།

ཉེར་དགུའི་སྨག་རུམ་འོག་ཏུ་སྦས་འོས།

       ད།

གསོན་བྲལ་གྱི་ཐ་མག་རྔུབ་སྟངས།

སེམས་ལ་ཟགས་མྱོང་བའི།

ཉམ་ཉེས་མཐའ་དག

དྲན་མི་འོས།

       ན།

གླེགས་བམ་གྱི་མཁར་རྫོང་གི་ནང་གི་

སངས་རྒྱས་དང་བྱང་སེམས།

ལྡེབས་སུ་བཀལ་བའི་ལྷ་དང་བླ་མར།

ཕྱག་མཆོད་ཕུལ་ཞིང་སྨོན་ལམ་ཞིག་

བསྐུར་འོས།

        པ།

གཞིས་བྱེས་ཀྱི་གྲོགས་པོ་དང་གྲོགས་མོར།

ཆང་ཕོར་བཏེགས་ཏེ།

ལྷན་འཛོམས་དང་།

བདེ་སྐྱིད་ཀྱི་སྨོན་འདུན་གང་མང་ཞུ་འོས།

       ཕ།

རབ་རིབ་མག་མོག་གི་ཉེར་དགུའི་

མཚན་ངོགས་ནས།

རྨི་ལམ་གྱི་གླུ་ཚིག་ཞེ་རུ་ཕབས་ནས།

མཚན་མོ་འདི་ཕར་ལ་བསྐྱལ་རྗེས།

ལོ་སར་དུ་ཕེབས་ཤོག

        བ།

ཉི་ཟེར་གཙུག་ལག་ཁང་གི་གསེར་ཏོག་

ལ་འཕྲོས་ཤིང་།

རིམ་བཞིན་མར་བབས་ཏེ།

ལོ་སར་ལ་གླན་པའི་མི་ཚོགས་དང་།

སྣ་མང་གི་ཟས་རིགས་ངོས་སུ་འཁྱུག

        མ།

བཟའ་མི་མཉམ་དུ་དགོད་པའི་སྒྲ་ཡིས་ཀྱང་།

བདག་གི་ནང་ཁོང་དྲོ་དྲོ་སོབ་སོབ་བྱེད།

ལོ་སར་གྱི་བཀྲག་མདངས་གློ་སྙིང་བར་

ལ་བཀྲ།

 ཙ།

དེ་རིང་།

ལོ་ལ་བསྙལ་བའི་ལོ་ཆང་ཁམ་པ།

ཧ་ཅང་ཞི་འཇམ་གྱིས་འཐུང་རྗེས།

ཡིད་འོང་གི་སྙན་ངག་བྲི་ཆོག

         ཚ།

ཁ་བ་ཨ་མའི་སྐྲ་གསེབ་ཏུ་བབས་བྱུང་ནའང་།

ཨ་ཕའི་སུམ་ཅུའི་སོ་ཕྲེང་འཐོར་སོང་ནའང་།

དེ་རིང་ང་ཚོ་སྤྲོ་འོས།

   ཛ།

རྟ་ཕོ་བོར་ཟིན་པའི།

སྡེ་མི་དག་གིས།

མོ་ཊ་ཁ་ལོ་སྒྱུར་བཞིན་སླེབས་བྱུང་།

ང་ཚོ་ལ་རྟ་ཕོ་ཇི་འདྲའི་མཁོ་ཨང་།

འཚེར་སྐད་རེ་རེས།

ལོ་སར་གྱ་ནོམ་པ་ཞིག་བསྒྲིགས་མྱོང་།

 ཝ

དེ་རིང་།

ངའི་སེམས་རྩ་སྤྲོ་བས་བཟི་ནས།

དུས་ཚོད་ཀྱི་གཙང་བོ་ལ་ལག་སྙོབ་བྱས།

 ཞ།

དེ་རིང་།

དགའ་སྐྱིད་ཀྱི་དགོད་སྒྲ་དང་།

མིག་ཆུའི་གསེབ་ཏུ།

དཀའ་སྡུག་གི་ལོ་ཟླ་ཞུ་འདུག

    

རིགས་དང་རུས་པ།

སྐད་དང་ཡི་གེ།

རྩྭ་ཐང་དང་གངས་རི།

སྦྲ་ནག་དང་སྒོ་ཕྱུག་སོགས།

གཏན་དུ་མི་ནུབས་ཕྱིར།

བཙན་གྱིས་རྟག་པའི་གོ་ཆ་སྐོན།

 འ།

དེ་རིང་།

མི་རྣམས་ཀྱི་སེམས་པ།

མེ་ཏོག་དང་སྦྲང་མ་ལ་མ་ཆགས།

འཇིག་རྟེན་གྱིས་ཐེག་པར་དཀའ་བའི།

ཉིན་གཅིག་བདེ་སྐྱིད་ལ་ཆགས།

   ཡ

ལོ་སར་ཁྱེད་ནི།

མི་རེ་རེའི་སེམས་གཏིང་དུ།

ལྷབ་ལྷབ་ཏུ་འབར་བའི་མེ་ལྕེ་ཞིག

“ངའི་སྙན་ཚིག་གི་རྐང་མར་ཀློང་དུ་ལྷོད་

ཀྱིས་བརྒྱུགས།

ངའི་བརྡ་དང་ཐ་སྙད་ཀྱི་དཀྱིལ་དུ་ངམ་

གྱིས་བཞེངས”

    ར།

ཕྱིར་འདང་རེ་བརྒྱབ་ཚེ།

༢༠༡༩ལོས།

༢༠༡༩ལོའི་མངའ་ཐང་དུ་ལུས་པའི།

སྙིགས་རོ་ཡོད་ཚད་ཁུར་ཏེ།

གཏན་དུ་གྱེས་ཀྱིན་འདུག

       ལ།

ཁ་པར་གྱི་ལྕོགས་ངོགས་བརྒྱུད་དུས།

ང་ཡི་ཕོ་བྲང་ཁོ་ནས།

རྒྱང་རིང་གི་བདག་པོ་སྒུག་གིན་འདུག

ང་ཚད་མེད་པའི་སྡུག་བསྔལ་ཞིག་གིས་སྐྱོམ།

    

ལྕགས་ཕོ་བྱི་བ་འདིས།

ཉི་ཟེར་གྱི་མདངས་ལ་བཅིབས་ནས།

ལོ་འདིར་སེམས་ཅན་གྱི་སྡུག་བསྔལ་བ་

མ་ལུས་བསུབ་པར་སྨོན།

       ས།

ཕུགས་བསམ་ཁྲོད་ཀྱི་བྱ་གཞག་གང་།

ཅི་བསམ་པའི་དོན་ཐམས་ཅད།

སྟོང་ལོ་གསར་བ་འདིའི་མངའ་ཐང་

ནས་འགྲུབ་པར་ཤོག

        ཧ།

གསེར་སྐྱེམས་ལྷོད་ཀྱིས་བཞེས་པའི་ལོ་

སར་འདི་ཇི་འདྲའི་སྐྱིད།

ཇི་འདྲའི་སྐྱིད་ནའང་།

གྱེས་དགོས་བྱུང་སོང་།

ང་ནི་རེ་ཞིག་ཞེ་རེ་སྡུག

ཞེ་རེ་སྡུག

      ཨ།

བདེ་མོ། སྙིང་ཉེ་བའི་ཚོགས།

ཡང་བསྐྱར་དུས་ཚོད་འདིར་འཛོམས་འོང་།

སང་ཞོགས་ཀྱི་ཉི་གཞོན་གྱི་མིག་ཟུང་

འཛུམ་དུས།

ང་རང་ལམ་ལ་ཆས་དགོས།   

  • ལེ་ཚན་སྔོན་མ།:ཏོག་དབྱིབས་ནད་རིམས།
  • ལེ་ཚན་རྗེས་མ།:ཁམས་ཀྱི་རྟའུ་པ། ངའི་ཕུ་ནུ་མིང་སྲིང་།