མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་ཆེད་བྲིས་སྙན་ངག་སྣང་གསལ་མར་མེ་ཚེ་འབར་ཞེས་བྱ་བ།

མགར་ཐང་དཀར།        2020-02-19

ལྷོ་རུ་སྤྲིན་པའི་བང་རིམ་མཐོ་ས།།

བྱེའུ་ཆུང་སྙིང་གི་གར་ལ་འཁོར་ས།།

དབྱར་གཞུང་མེ་ཏོག་འཛུམ་ཆུང་གྲོལ་ས།།

སྐྱིད་ལ་མང་ཡུལ་གཡང་གི་ར་བ།།

རིག་པའི་གཤིན་ས་པདྨའི་ལྡིང་ཁང་།།

ཤེས་ལྡན་གྲངས་ཀྱི་ཞབས་རྗེས་བཀོད་ས།།

མ་རིག་མུན་པའི་ཀློང་རིམ་རེ་རེར།།

རིག་པའི་བཤེས་གཉེན་གྲངས་ལ་བསྟར་ས།།

སྣོད་ལྡན་སློབ་བུའི་རྣམ་དཔྱོད་རྩལ་གྱིས།།

སློབ་རའི་མཁའ་དབྱིངས་འོད་ཀྱིས་བཅིངས་ས།།

ཕྱོགས་བཞིར་གངས་ཀྱི་ར་བའི་བསྐོར་ཞིང་།།

མཚམས་བརྒྱད་རྟ་ནོར་ལུག་གིས་བསྐོར་ཡོད།།

ལོ་ཆུང་གཞོན་ནུའི་རིག་སྟོབས་འགྲན་ས།།

རིག་པའི་ཁྲི་ལམ་བརྩོན་པའི་གཅོད་ས།།

མི་ཉམས་སེམས་ཤུགས་མཁའ་རུ་བཏེག་སྟེ།།

ཕུགས་བསམ་དྲོན་མོའི་དབུ་ཁྱུད་འབྲི་ས།།

དྲན་པའི་མེ་ལོང་ཉི་མར་སྡེབ་ནས།།

གངས་རིའི་ལྗོངས་ཀྱི་སྙན་པ་སྒྲོག་ས།།

གསེར་གྱི་སྐར་ཚོམས་ལག་པའི་བཟུང་སྟེ།།

ནང་སེམས་ཡངས་པོར་རྒྱན་ཆ་འདོགས་ས།།

དངུལ་གྱི་གདུབ་བུ་དྲན་པར་བགོས་ནས།།

དྲིན་ཆེན་བཤེས་གཉེན་བློ་རུ་སྒོམ་ས།།

རིག་ལམ་འོད་ཟེར་སྟོང་གིས་བཀང་སྟེ།།

རྨོངས་མུན་སྣང་བར་ཕྱི་དོར་བྱེད་ས།།

ལན་ཆགས་སྡུག་ཡུས་བདུད་རྩིའི་བཀྲུས་ཏེ།།

ཧམ་སེམས་བྱས་འདས་ཆོས་ཀྱི་སྒྲུབ་ས།།

གདུག་རྩུབ་ང་རོ་ཞི་བའི་བཀྱགས་ཏེ།།

བཀའ་ལུང་ཞིམ་པའི་བཤེས་གཉེན་འཁྲུངས་ས།།

འཇོན་མེད་ནུས་མེད་སློབ་ཕྲུག་ང་ཡིས།།

ཁྲི་ལམ་རིང་མོ་གཏམ་གྱིས་བཅད་དེ།།

སྟོང་ལམ་སྐྱ་མོ་རྡོག་པའི་གནོན་ཞོར།།

མ་ཡུམ་སློབ་གྲྭར་འཕྲིན་ཞིག་སྐྱེལ་ལོ།།

དྲིན་ལ་དྲིན་ལན་དགོས་པའི་ལུགས་ནི།།

འཇིག་རྟེན་བྲང་ལ་འཁྱུད་པས་ཤེས་མོད།།

དྲིན་ལན་མཇལ་ཐུབ་དཀའ་བའི་ཞེ་སྡུག།

སློབ་བུའི་མཆི་མ་གྲངས་ཀྱི་ལན་ཡིན།།

མི་ལོ་གསུམ་གྱི་དུས་ཡུན་མི་ཐུང་།།

ལྷག་ཏུ་ཤེས་བྱའི་ཆུ་གཏེར་མི་ཉུང་།།

འོན་ཏེ་བརྩེ་བའི་སློབ་གྲོགས་དང་ནི།།

བཀུར་འོས་སྙིང་གི་བཤེས་གཉེན་རྣམ་པར།།

ཞེན་ཁོག་གཏིང་ནས་ཚིག་རྗེན་རེ་ཟུང་།།

འཕྲད་པ་ལས་ཀྱི་རྒྱལ་མོའི་དབང་གིས།།

ལྷུག་པར་བརྗོད་པའི་སྐལ་བ་མེད་ཅིང་།།

མཐུན་པའི་རྣམ་འགྱུར་ཅུང་ཟད་མངོན་པ།།

ཚེ་འདིའི་ལས་ཀྱི་རྟེན་དུ་སྒོམས་ཤིག།

སྐར་ཆའི་སྒྱུ་འཕྲུལ་སྒྱུ་མའི་སྣེ་རུ།།

རྒན་གྱི་གཉོར་སྐྱོང་ཞིམ་པོ་མི་འདོགས།།

ལས་ཀྱི་ལམ་བུ་དོགས་མོ་དེ་རུ།།

འདུན་ལམ་དཀར་མེ་རུས་སུ་ཉར་ནས།།

རྒན་གྱི་གཉོར་སྐྱོང་དབང་རྩར་སྒོམ་མོ།།

དུས་ཀྱི་འཕོ་འགྱུར་སྲུབ་བར་རེ་ནས།།

སྐལ་ལྡན་སློབ་བུ་གྲངས་ལ་བསྲེས་ཏེ།།

མི་རིགས་མཐོ་འབྲིང་གསུམ་པའི་ལས་སྐལ།།

གོ་ལ་ཆེན་པའི་ལྟེ་བར་བསྒྲོན་ཞིག།

མཇུག་ཏུ་མི་རིགས་མཐོ་གསུམ་ཚང་ལ།།

སོ་སྐྱེས་ཡ་རབས་སློབ་བུ་འཁྲུངས་ཤོག

ཡ་རབས་སློབ་བུའི་མདུན་ལྗོངས་ཡག་ཤོག།

ཤེས་བྱའི་གཤོག་པ་རྒྱང་ལ་བསྙེག་ཤོག།

བཤེས་གཉེན་དམ་པའི་བསམ་དོན་འགྲུབ་ཤོག

ཁ་རྗེ་དབང་ཐང་ལྷ་དང་མཉམ་ཤོག།

མཐའ་མར་ཤེས་བྱའི་དཔལ་ཡོན་མ་ལུས།།

ཚེ་རིང་ཀུན་འཛོམས་དགེ་སློབ་ཡོངས་དང་།།

སྒོས་སུ་མི་རིགས་མཐོ་གསུམ་ཚང་ལ།།

གཏན་དུ་འབར་བར་སྙིང་ནས་འདུད་དོ།།

  • ལེ་ཚན་སྔོན་མ།:ལྷོད་ཆགས་པའི་ངག
  • ལེ་ཚན་རྗེས་མ།:བདག་གི་རྟའུ་ལུང་པ།