འཆར་འདུ་འུར་གྱི་གསང་ལེན།

ཞོགས་བརྡ།        2020-01-16

    ༡

སྨུག་པའི་རི་གྲོང་གཞོགས་པའི་སྤྲིན་པ།།

ཆར་ནག་བསེ་བུའི་འགལ་སྟངས་སུན་པས།།

དྭ་བུར་བུད་པས་སྒོ་སྐྱེས་ཡུམ་ཆེན།།

ལྕགས་ཀྱིས་བཟུང་བའི་གྲོང་ཁྱེར་ཀུན་ཏུ།།

རྨི་ལམ་འདྲ་མ་བཅོ་བརྒྱད་རྨིས་ནས།།

གསང་བའི་ཚིག་ལ་ཀུ་ཅོར་འདོན་བཞིན།།

ང་ལ་སྨྲ་བའི་འཆར་འདུ་བཀོད་མེད།།

ནམ་མཁའ་ཡ་གཅིག་དུད་དང་མེ་ལྕེ།།

ཡ་གཅིག་ཡང་ནི་ཆུ་མོའི་བཞུར་སྒྲ།།

རི་བོ་ཡོད་ཚད་ཐུར་དུ་འཁོར་ཞིང་།།

སད་དང་སེར་བ་ཡར་ལ་བཀྱགས་ནས།།

ལོ་ལེགས་ཆར་དང་རྡུལ་ལ་འགྲོགས་ཏེ།།

ཁོ་བོ་དབང་བའི་མེ་ཏོག་མ་ཕུལ།།


         ༢

རེ་ཞིག་སྐུ་མགྲོན་ཉི་འོད་ཟད་པོ་བཞིན།

ས་གཞི་དང་གྱེས་ལོ་ཟླའི་ཕྲད་དང་འཕྲད།།

ངས་ནི་མུ་ཅོར་སྨྲ་བའང་སྟོང་སོང་བས།།

རླུང་གི་འཁུར་བས་རླུང་རྟ་རྙེད་མ་བྱུང་།།

སྒྱུ་མའི་དྲུབ་པས་ལྷམ་ཐེད་བཙལ་མ་ཐུབ།།

ལྷ་ལ་མཁོ་བས་མཛངས་མ་རྙེད་མ་སོང་།།

སྐད་ཅིག་གློག་ནི་འཁྱུག་པའི་དུས་ཡུན་ལ།།

སེམས་དཔའ་དཀར་དམར་རི་ཁྲོད་གཡས་ནས་བབ།།

རྔ་ནི་རྡུང་ཞོར་དུད་ཆང་ལག་ཏུ་འཛིན།།

མཐོང་མྱོང་མེད་པའི་སེམས་ཅན་རྨོངས་པ་སྐྱེས།།

ང་ནི་རེ་ཞིག་དེ་ལ་ཧད་ཙམ་གྱིས།།

ནམ་མཁའི་ལྷ་དང་ལྷ་མོ་གྱུར་འདུག་པས།།

འཇིག་རྟེན་བྱ་བ་ལྟད་མོའི་ཚུལ་དུ་བཀོད།།


        ༣

ལས་དབང་ཁ་ནག་སྲིད་པའི་རི་མོ།།

སྐད་ཅིག་བདེ་ལ་སྐད་ཅིག་སྡུག་པ།།

འབྱུང་བ་ཁོ་རང་སུན་པ་མེད་ན།།

ལམ་སེང་ང་ནི་འཇིགས་པས་མནན་འོང་།།

དེ་ལྟར་སྐྱོ་བའི་སྐྱོ་བ་དེད་ནས།།

རི་ལུང་དག་ནི་རྐང་མགོ་འཁུར་ཏེ།།

དུས་ཚོད་ཉེར་བཞི་སྐར་མ་ཉེར་བཞིར།།

འོ་སྐོལ་སྲིད་པའི་སྒང་ལ་ཆས་སོང་།།

ཁ་ཐག་ཉེ་བ་ལས་ཀྱི་གནད་ལན།།

རིང་བ་ཡང་ནི་ལས་དབང་ལན་འདུག།

ཟད་མ་ཐག་པའི་སྒྲ་དེ་ཐོས་ན།།

ཁོ་ཉིད་སྐྱོ་སྡུག་འཁོར་བའི་གྲོང་ནས།།

འགག་འཕྲང་བཅུ་གསུམ་དབུགས་ཀྱིས་བཅད་ཡོད།།


         ༤

རི་མཐོན་པོའི་དུངས་སེམས་བརྟན་པོ་མིན།།

ལྷ་སྲུང་མའི་བྱིན་རླབས་དེ་ན་མེད།།

ལས་བཅོལ་ཡུལ་འཁོར་བའི་ལྷ་འདྲེ་མིན།།

སྐྱབས་བཅོལ་ཡུལ་ནོར་དུས་འཚར་རམ་གདའ།།

མགོ་གང་ལ་དཀྱོགས་ན་འགྲོ་ཡུལ་མིན།།

མྱིག་ཁྲ་ཆུང་འཁོར་ཡུལ་མི་གཅིག་ཀྱང་།།

དུས་ནམ་ཞིག་སེམས་ཀྱི་གཏད་དོ་གཅིག།

ཉིད་རེ་ཞིག་དུས་ཀྱི་རྟ་ཕོར་ཆིབས།།

སྲབ་དཀྱོག་ལུགས་དཀྱོག་མཚམས་ལྷ་ཡིས་བཤད།།

གནས་འགྲོ་ས་འགྲོ་ཡུལ་ཉིད་ཀྱིས་གསུངས་།།

དུས་དེ་དུས་ག་འུའི་ཁ་ནང་དུ།།

ཉ་གསེར་མིག་མེད་ན་སྐྲག་མི་དགོས།།

ཚེ་སྔོན་མའི་མི་ལ་གསོལ་བ་ཐོབས།།

ཁོའི་གདོང་གྲོགས་མཛད་པར་ཐེ་ཚོམ་མེད།།        


  • ལེ་ཚན་སྔོན་མ།:​ང་ཡི་གངས་དཀར་ལྷ་མོ།
  • ལེ་ཚན་རྗེས་མ།:འགྲས་པ།