​ང་ཡི་གངས་དཀར་ལྷ་མོ།

གཉགས་དར་རྒྱས།        2020-01-16

ཆུ་འཛིན་ལེབ་མོ་རྒྱུ་བའི་ཨ་སྔོན་གྱི་དབྱིངས་ན།།

ཉི་ཟེར་གསེར་སྐུད་འཐེན་པའི་རི་སྤྲིན་གྱི་མཚམས་སུ།།

ངང་དཀར་ཆ་གཅིག་ལྷོ་ཕྱོགས་མཁའ་མཐའ་ནས་འཕུར་དེར།།

ང་ཡི་བྱམས་པར་འཕྲིན་པ་སྐྱེལ་རོགས་ཞིག་གནོང་དང་།།

ལོ་དེར་ཁང་ལྷགས་རྒོད་པས་ཕ་ཡུལ་གྱི་རི་ལ།།

ཆག་གྲུམ་གནམ་ས་བསྒྱུར་འདྲའི་འཇིག་པ་ཞིག་བསླང་ནས།།

ང་ཡི་སྙིང་ཉེ་བློ་མཐུན་གངས་དཀར་གྱི་ལྷ་མོ།།

རི་ཆུ་སྟོང་ཕྲག་ཞིག་གི་ཕར་རྒྱབ་ལ་བུད་སོང་།།

ང་ནི་ཤུལ་ལུས་ཆུང་མ་བུ་མེད་ཀྱི་ཡུག་ས།།

རྒྱབ་རི་ཕ་མཁར་འདྲ་བའི་སྙིང་གྲོགས་དེ་སོང་རྗེས།།

ཆུང་འདྲེས་མ་གཞིས་འདྲ་བའི་སྦྲ་ནག་དེ་བརྡིབས་རྗེས།།

ཁེར་ལུས་འཇོལ་མོའི་ལས་དབང་མྱོང་དགོས་ནི་བྱུང་སོང་།།

ཁྱེད་ཉིད་མེད་པའི་ལོ་ཟླའི་ཕྲེང་ཐག་གི་ཁྲོད་ན།།

ང་རང་ཧི་མ་ལ་ཡའི་རི་སྐེད་ནས་འགྲེངས་སྟེ།།

ཁྱེད་ཀྱི་ཕྱོགས་ལ་མིག་ཆུ་ཤམ་ཤམ་དུ་བཞུར་ཞིང་།།

ཁྱེད་ཉིད་དྲན་པའི་སྐྲ་ལོ་བསིལ་བསིལ་དུ་གཡོས་བྱུང་།།

ལོ་ཟླ་ཞག་གི་ཚེར་མ་མཛུབ་རྩེ་ནས་བཏུས་དེ།།

དུས་རབས་གསར་རྙིང་ཞིག་ཀྱང་སྐྱོ་གདུང་གིས་བཞུད་སོང་།།

ད་ནི་འཁང་ཚིག་ལེ་བརྡའི་ལས་ཀ་དེ་སྤངས་ནས།།

རང་གིས་ནུས་པའི་བྱ་བ་ཧུར་ཐག་གིས་བསྒྲུབ་དགོས།།

བདག་ཡིད་ཉིན་སྲིབ་དབྱེ་བའི་ཆུ་ཤུར་གྱི་མཚམས་ན།།

ཁྱེད་ཉིད་མགོ་ལྕོག་ལྡེམ་པའི་སེར་ཆེན་གྱི་མེ་ཏོག།།

ཁྱེད་སེམས་བརྩེ་བའི་འདབ་མ་ཐར་ཆགས་སུ་རྐྱོངས་དང་།།

བདག་བློའི་དུང་བའི་གཡུ་སྦྲང་དགའ་སྟོན་ལ་རོལ་འགྲོ།།


  • ལེ་ཚན་སྔོན་མ།:ཚོར་བ་རང་ཡན་པ།
  • ལེ་ཚན་རྗེས་མ།:འཆར་འདུ་འུར་གྱི་གསང་ལེན།