ཟླ་འོད་འོག་གི་ཁེར་རྐྱང་།

ཨ་ཁུ།        2020-01-15

     ཟླ་བ་ལིའི་རྔ་བོ་ཆེ་ཞིག་དང་འདྲ་བར་གཏོར་གཟུགས་ལྷུན་པོའི་རྒྱབ་ནས་དལ་གྱིས་མཁའ་རུ་འཕགས།ཟླ་ཟེར་འོ་མ་སྨག་གི་རྒྱ་མཚོར་འཛུལ་ཏེ་ཞིང་གྲོང་གི་ཁང་དབྱིབས་རབ་རིབ་ཏུ་གསལ།བསིལ་བསེར་གྱི་རླུང་བུ་ཡང་གཉིད་ལས་བསད་དེ་འུར་དང་བཅས་གཡུག་འགོ་ཚུགས།ང་རང་མདུན་དུ་མཁའ་དབྱིངས་རྒྱང་ཤེལ་ཞིག་མེད་པ་མ་གཏོགས་གནམ་རིག་མཁས་པ་ཞིག་དང་འདྲ་བར་སྒོ་རའི་ནང་དུ་ཀེར་རེར་མགོ་བོ་བཀྱེས་ཏེ་མཚན་གྱི་བར་སྣང་མཐོངས་སུ་ལྟ་བཞིན་གློ་བུར་དུ་ཁེར་རྐྱང་རང་ཉིད་དྲན།

     བསམ་སར་མ་ཕྱིན་གསེག་སར་ཕྱིན་ཞེས་པ་ལྟར་དོ་དགོང་ཟླ་བ་དེས་ང་རང་ཕ་ཡུལ་དྲན་པའི་གདུང་བའི་རྨ་དཀྲིས་དེ་འགྲོལ་གྱིན་འདུག་ལ།ཟླ་ཟེར་དེ་ཤེལ་ཚྭ་བཞིན་རྨ་ཁ་རུ་ཟག་གིན་འདུག འོད་དཀར་མེ་ལོང་གི་ངོས་སུ་ལ་ཀླུང་མང་པོ་ཕར་ན་གནས་པའི་ཕ་ཡུལ་གྱི་རྣམ་པ་ཡང་འཆར་གྱིན།དཔྱིད་ཟླ་ཚེས་ཙམ་ཡིན་པས་ཕ་ཡུལ་ན་ས་ལུད་སྐྱེལ་འདྲེན་གྱི་བོང་བུའི་ཏོང་ཏོང་གི་སྐད་སྒྲ་ལས་བྲེལ་ཚུབ་ཅིག་མངོན་གྱིན་འདུག་ལ།དཔྱིད་རྨོས་སྟ་གོན་གྱི་ཁྲོད་ནས་དོ་དགོང་གི་ཟླ་བ་དེར་ལྟ་མཁན་ཞིག་མེད།འོན་ཀྱང་མཚན་གཞུང་གོམ་གྱིས་གཤགས་མཁན་གྱི་ཟླ་བ་ཁེར་འགྲོ་འདི།ཕ་ཡུལ་གྱི་མཚན་དགུང་ན་བཀྲག་ལྷག་གེར། ཟགས་པའི་ཟླ་ཟེར་ཡང་དྲོ་སོབ་སོབ་ཅིག་ཡིན་ངེས་ཨང་།  ཨ་ཙི། གཞན་ཡུལ་གྱི་བཅོ་ལྔའི་ཟླ་བའི་དཀར་ཆ་ཇི་ལྟར་ཆེ་ཡང་།གཟུགས་དབྱིབས་ཇི་ལྟར་ཟླུམ་ཡང་།མཚན་མོའི་དབྱིངས་སུ་ལྟ་ཐེངས་རེར་སྣང་བ་དེ་བརྗོད་མ་ཤེས་པའི་སྐྱུར་མོ་ཞིག ད་ནི་བྱེས་སུ་བཏེགས་པའི་ལམ་ཁ་རིང་པོའི་ནང་ཕ་ཡུལ་དྲན་པའི་གདུང་གསོའི་སྨན་མཆོག་ཅིག་བདག་ལ་ད་དུང་རག་མ་བྱུང་།

     གང་མཚམས།ལྒང་པ་ཅི་ཞིག་གིས་སྦོས་པའི་ཚ་བིར་བིར་གྱི་སྣང་བ་ལས།རང་ཉིད་གསང་སྤྱོད་ལ་ཡོང་བ་དྲན་ཏེ།ལམ་སེང་སྒོ་ར་ལས་ཁ་བྲལ་ཏེ།སྨག་མཐུག་པས་མ་མཐོང་བ་མ་གཏོགས་ཐལ་འཚུབ་འཕྱུར་རེར་གསང་སྤྱོད་ཀྱི་ཕྱོགས་སུ་བརྒྱུག་དགོས་བྱུང་།།


  • ལེ་ཚན་སྔོན་མ།:ཕ་ཡུལ་དྲན་བྱུང་།
  • ལེ་ཚན་རྗེས་མ།:སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག