དོ་ནུབ། སྙན་ངག་དང་ང་།

གྱང་ཆག        2020-01-10

          ༡

དོ་ནུབ། ངས་གློ་བུར་གློ་བུར་ཞིག་ལ་ནོར་གནག་དང་འབྲོག་ཁྱི་

དྲན་ནས་སུ་ཞིག་གི་རོལ་དབྱངས་ཐོས།

དོ་ནུབ། ངས་གནམ་འོག་གི་རི་རབ་དང་གཙང་བོ་མཐོང་ནས་

སྙན་ངག་གི་གཤོག་པ་བརྐྱངས།

            ༢

ཏག་ཏག  དོ་ནུབ།

ངའི་རྨི་ལམ་གྱི་འཇིག་རྟེན་དེ་རུ་བསམ་གཞིག་གི་ལོ་མ་འཐོར་

གྱིན་འདུག་པས།  སྙན་ངག་གི་གཤོག་པ་ལྷབ་ལྷུབ་རྡེབ་ཀྱིན་ཡོད།

གནམ་ངོ་མག་མོག་དང་སྣང་བ་རབ་རིབ་ཀྱི་ཀློང་ན།

ང་ཁོ་ན།  སྒེའུ་ཁུང་གི་འགྲམ་དུ་ཐ་མག་གི་དྲི་བསུང་དང་ལྷན་དུ།

རྒྱང་རིང་རྒྱང་རིང་ལ་ལྟ་དུས་ནམ་མཁའི་མཐོངས་ཀྱི་ཟླ་བ་སྒོར་

སྒོར་དེས། ངའི་སྙན་ངག་གི་དུར་ཁྲོད་དུ་གླུ་སྒྲ་ཡིས་ཁེངས་ཤིང་།

གཟི་འོད་ཀྱིས་སྟིམ་གྱིན་འདུག་པའི་ཚོར་བ་ཞིག་སྟེར་གྱིན་འདུག

             ༣

དོ་ནུབ།   ཕྱེ་ལེབ་ཅིག་གི་འགྲུལ་བཞུད་ཀྱི་རྐང་རྗེས་ལེབ་མོ་རུ།

ངས་རེ་ཞིག་བསྒུག་པའི་ལོ་མ་སེར་པོ་དེ་སྐྱེས་ཤིང་།

ལོ་མ་དེའང་མཚོ་རླབས་ལ་གདོང་གཏོད་ཕོད་པའི་ཀོ་གྲུ་ཞིག་དང་

འདྲ་བར། ངའི་དུངས་ཞེན་གྱི་མཚོ་དཀྱིལ་དུ། ཡོམ་ཡོམ།

ཡོམ་ཡོམ་དུ་འགུལ་གྱིན་འདུག་པ་ངས་ད་གཟོད་གཞི་ནས་ཚོར་སོང་།

            ༤

དོ་ནུབ། མཚོ་ལ་སིམ་པའི་ཟླ་བ་ཁེར་རྐྱང་སྟེ།

སྔར་བཞིན་མུན་ནག་གི་དབྱིངས་སུ་འོད་ལམ་ལམ་དུ་འཕྲོས་ནའང་།

ངའི་སྙན་ངག་གི་རྣམ་ཤེས་འཐིམ་པའི་གངས་རི་དང་རྩྭ་ཐང་།

ནོར་གནག་དང་ལུག་ཁྱུ།  འབྲོག་ཁྱི་དང་རི་སྤྱང་།

བྱ་གླ་དང་གསའ་གཟིག་སོགས་ཡེ་ནས་མཐོང་རྒྱུ་མི་འདུག་པས།

འཇམ་ཅག་གེར་གྱི་མཚན་ངོགས་སུ་སྐྱོ་གཞས་རྨས་མ་ཞིག་གིས་

ངའི་སེམས་པ་ན་ཟུག་གིས་བཀག་ཅིང་།

ནུབ་རླུང་གྲང་མོ་ཞིག་གིས་ངའི་ལུས་ཕུང་འཁྱགས་ལ་དཔྱངས།

            ༥

གྲངས་ལས་འདས་པའི་སྐར་ཚོགས་ཀྱི་འོད་སྣང་ལས།

ངས་མེས་པོ་ཚོའི་ལོ་རྒྱུས་དང་གཏམ་རྒྱུད་རེ་རེ་མཐོང་ནའང་།

ས་ཆེན་གྱི་བྲང་གཞུང་བརྒལ་ནས་ངས་མཁའ་དབྱིངས་ཀྱི་སྐར་

ཚོགས་འཛིན་ཐབས་མི་འདུག་སྟེ། ས་ཆེན་པའི་སྙིང་ཁར་འགྲེང་

ནས་མཁའ་དབྱིངས་ཀྱི་སྐར་ཚོགས་བརྩི་ཆོག་ཆོག་ཡིན་པ་སུ་

ཡིས་རྟོགས།

              ༦

གྲང་འཁྱགས་ཀྱིས་མནར་བའི་ལོ་ཟླ་དང་ཁྲག་དྲོད་འབར་བའི་སྙན་

ངག་གི་བར་གསེང་དུ། ང་ནི་ང་སྟེ། ང་ནི་དགའ་སྐྱོ་དང་རྒྱལ་ཕམ་

ལ་གདོང་གཏོད་ཕོད་འབྲོག་ཁྱི་གཏུམ་པོ་ཞིག་གི་རྣམ་ཤེས་ལགས།

              ༧

དོ་ནུབ། ངའི་སྙན་ངག་གི་དཔུང་བ་ལ་རི་མོ་བརྐོས་མཁན་དེ་སུ་ཡིན།

དོ་ནུབ། ངའི་མུན་ནག་གི་སྒེའུ་ཁུང་ཕྱེས་མཁན་དེ་སུ་ཡིན།

དོ་ནུབ། ངའི་རྨི་ལམ་ལ་ཚོན་རྩི་བྱུགས་མཁན་དེ་སུ་ཡིན།                


  • ལེ་ཚན་སྔོན་མ།:བརྩེ་མགུར་ཡིད་ཀྱི་དྲན་ཤིང་།
  • ལེ་ཚན་རྗེས་མ།:ཨ་མ་སྙིང་ནས་དྲན་བྱུང་།