བརྩེ་མགུར་ཡིད་ཀྱི་དྲན་ཤིང་།

ཁ་བ་ན་རོ།        2020-01-10

ཚིག་གི་མདའ་མོ་ལྷོད་ཀྱིས་ཡོང་སྟེ་སེམས་པའི་གསེང་ལ་དལ་གྱིས་འཛུལ།།

མིག་གི་འཛུམ་མདངས་གདོང་ལ་འཁོར་བའི་ཡིད་ཀྱི་བརྩེ་བ་སྙིང་ལ་གླན།།

གཏམ་གྱི་ཉིང་ཁུ་ཕོར་བར་བླུག་པས་དུངས་བའི་སྒོ་མོ་འབྱེད་པར་རྩོམ།།

དུས་དང་བསྐལ་བའི་བར་ཆད་མེད་ན་སེམས་ལ་སེམས་པས་ཁེན་ས་ཉིད།།

དྲན་པའི་ངོས་ན་གསལ་ལེར་ཤར་བའི་མི་མོ་ཞིག་གི་སྣང་བརྙན་དེ།།

སེམས་པའི་གཏིང་ལ་ཡུན་རིང་ཉར་བའི་གཏན་ཚིག་ཅིག་གི་མཛེས་སྡུག་ཡིན།།

གླུ་དང་ལ་གཞས་ངག་ལ་གྱེར་བའི་དབྱངས་རྟ་ཞིག་གི་འགྱུར་ཁུགས་ན།།

ཟླ་བ་དུ་མའི་བརྩེགས་རིམ་ཁྲོད་ནས་བརྗེད་དུ་མེད་པའི་དུངས་བ་ཡོད།།

དུང་གཏམ་བརྗོད་པའི་ཚིག་གི་བར་ན་གཡོ་དང་སྒྱུ་མའི་ཁུགས་སོ་མེད།།

མངོན་དང་ལྐོག་ཏུ་དུས་ཀྱིས་བཅད་ཀྱང་མི་འགྱུར་རང་གི་གཤིས་ཀ་མཛེས།།

ངང་རྒྱུད་འཇམ་པའི་ངག་གི་གདངས་ན་ཨ་གསར་གཏམ་གྱི་ཨ་ལོང་མེད།།

དྲན་པའི་གཏིང་ལ་ཟུག་པའི་ཚོར་བ་ཕྱིར་འགྲོ་མེད་པའི་མགྲོན་པོ་ཡིན།།

སྨྲེང་སྐྱོ་སེམས་ཀྱི་སྣ་གླུ་ཐན་ཐུན་སྲོད་ཁའི་གྲིབ་མས་རྒྱང་ལ་དེད།།

དུང་བའི་འཁྲེན་གཞུང་ཕྱི་ཐག་རིང་བོ་ཞེ་མཐུན་སྣང་བའི་གོང་ཁར་འཁྱིལ།།

སྙིང་ནས་བརྩེ་བའི་དྲན་པའི་གདུང་བ་ཉིད་ལ་འགྲོགས་ཞོར་ཉིད་ལ་བཤད༎

འུ་གཉིས་གཏམ་རྒྱུད་ཡིད་ལ་ལྷུང་བས་ཁོ་བོའི་ལུས་སེམས་དྲོད་སེ་དྲོ༎

  • ལེ་ཚན་སྔོན་མ།:སྙན་ངག་ལྷ་མོ།
  • ལེ་ཚན་རྗེས་མ།:དོ་ནུབ། སྙན་ངག་དང་ང་།