གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་ཁང་པའི་བཟོ་བཀོད་རགས་བཤད་གསེར་ཆུ་སྔོན་མོའི་བཞུར་རྒྱུན།

གསེར་ཀུན་དགའ།        2020-01-10

གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་ཁང་པའི་བཟོ་བཀོད་རགས་བཤད་གསེར་ཆུ་སྔོན་མོའི་བཞུར་རྒྱུན།

ཁམས་གསུམ་གླིང་དགུ་བོད་ཀྱི་ཡུལ་གྲུ་ལས།།

ཟལ་མོ་སྒང་ཞེས་རྡོ་དང་གསེར་གྱི་མཚམས།།

རྒྱལ་མཚན་བསྐྱོད་འདྲའི་རི་བོ་སྦོ་ཞེས་པའི།།

མདའ་རུ་ཆགས་པ་སྦོ་མདའ་རོང་གི་སྡེ།།

   དེ་ཡང་གནའ་སྔ་མོ་ནས་བཟུང་བོད་ཆེན་པོའི་མི་རིགས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འབྲོག་སྦྲ་ནག་ཅན་ཞེས་ཕྱུགས་དཀར་ནག་གི་ལས་ལ་གཉེར་མཁན་དང་། རོང་ཤིང་སྒོ་ཅན་ཞེས་འབྲུ་དྲུག་ཞིང་གི་ལས་ལ་གཉེར་བ་གཉིས་ཡོད་པ་ལས། གསེར་སྨད་སྦོ་མདའ་གྲོང་རྡལ་ནི་ཞིང་ལས་སམ་སོ་ནམ་གྱི་ལས་ལ་བརྩོན་པའི་གནའ་བོའི་བོད་ཀྱི་རིགས་རྒྱུད་མ་འགྱུར་བའི་མདའ་དྲུག་གིས་གྲུབ་པའི་རོང་སྡེ་ཞིག་ཡིན་ལ། རོང་སྡེ་འདི་ནི་བོད་མདོ་དབུས་ཁམས་གསུམ་ལས་ཆོལ་ཁ་རེ་ལའང་ཁམས་སྟོད་དང་ཁམས་བར། ཁམས་སྨད་གསུམ་དུ་ཕྱེ་བ་བཞིན་གཞན་གཉིས་ལའང་དེ་ལྟར་ཕྱེས་པས་བོད་ཡུལ་ཁམས་གསུམ་གླིང་དགུ་ཞེས་གྲགས་པ་ལས། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་རིང་མོའི་སྟོད་རྒྱུད་དང་། མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་རྡོ་ཁོག་དང་གསེར་ཁོག་གཉིས་ཀྱི་མཚམས་སུ་རི་བོ་སྦོ་ཞེས་བཀྲ་ཤིས་རྟགས་བརྒྱད་ལས་རྒྱལ་མཚན་རྩེ་མོ་རླུང་གིས་བསྐྱོད་པ་ལྟ་བུ་དེའི་མདའ་རུ་ལྷུན་གྱིས་ཆགས་ཡོད་ལ། སྦོ་མདའ་ཞེས་པའི་ས་མིང་དེ་ཡང་སྦོ་ཞེས་པའི་རི་བོ་དེའི་མདའ་རུ་ཆགས་པས་ན་དེ་ལྟར་ཐོགས་པར་སྐད། དེང་སྐབས་ནི་དབལ་ཤུལ་གསེར་ཐལ་རྫོང་གི་ཤར་ཕྱོགས་སུ་སྤྱི་ལེ་བརྒྱད་ཅུ་གྱ་གཉིས་སོང་མཚམས་སུ་ཡོད།

ཡུལ་འདིར་གནས་པའི་མི་རྒྱུད་ལ་ད་ལྟ་རྗེས་དཀར་གསེར་བ་ཟེར་ལ། རུས་མཛོད་མེ་ཏོག་སྐྱེད་ཚལ་ལས། ད་ལྟ་གསེར་རོང་དུ་ཡོད་པའི་རྗེས་དཀར་ནི་སྔོན་མིའུ་གདུང་དྲུག་ལས་བསེ་ཁྱུང་སྦྲ་ལྕགས་ཁམས་པ་ལས་ཆད་ཅེས་གསུངས་པ་བཞིན། ཡུལ་འདིའི་མི་རྣམས་ཀྱང་སྔོན་ཚེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡབ་མེས་རྒྱལ་པོ་མདོ་བཞེར་ནག་པོ་ཞེས་བསེ་ཁྱུང་སྦྲ་ནག་པོའི་རིགས་ལས་ཆད་པའི་རྒྱལ་པོ་གང་དེའི་རྒྱལ་རབས་བརྒྱད་པ་ཡང་བཞེར་ནོར་བུའི་འོད་འཕྲོའམ་ཁྲོ་སྐྱབས་རྒྱལ་པོའི་མངའ་རིས་སུ་གཏོགས་པ་ཡིན་ལ། རྒན་ཞི་ཆུང་ལགས་ཀྱིས་བྲིས་པའི་གསེར་རྟ་ཚོ་བའི་ལོ་རྒྱུས་སྐོར་ཞེས་པའི་རྒྱ་ཡིག་དེབ་ནང་དུའང“གསེར་སྨད་ཤོད་རབ་ནས་ཀོ་ལོ་ཐང་གི་བར་ནི་སྔོན་ཚེ་ཁྲོ་སྐྱབས་རྒྱལ་པོའི་རི་དྭགས་བཤོལ་བའི་གནས་ཡིན”ཞེས་པ་ལས་ཀྱང་གསལ་པོ་ཤེས་ཐུབ། སྔོན་ཡུལ་འདིའི་གྱོད་རབ་འབྲིང་ཐ་གསུམ་དེ་ཁྲོ་སྐྱབས་རྒྱལ་པོའི་མི་མངགས་ནས་འདུམ་འགྲིག་བྱེད་དགོས་ལ། ཐམ་ཀ་ཡང་ཁྲོ་སྐྱབས་རྒྱལ་པོའི་གཞུང་གི་ཐམ་ཚང་ནས་དཔར་དགོས་པར་མ་ཟད་ཁྲོ་སྐྱབས་རྒྱལ་པོ་ལ་ཁྲལ་འུ་ལག་སོགས་མང་དུ་འཇལ་དགོས་ཚུལ་ཡང་ཡུལ་འདིའི་ངག་རྒྱུན་དུ་གསལ་པོ་འདུག ད་ལྟའང་ཡུལ་འདིའི་དགུ་མདའ་སྡེ་བ་རུ་སྔོན་ཁྲོ་སྐྱབས་རྒྱལ་པོ་ལོ་འདུག་བྱེད་སའི་ཁང་རྙིང་དང་ཁྲིམས་ཁང་གི་ཤུལ་སོགས་ཡོད། བཅོས་བསྒྱུར་རྗེས་སུ(༡༩༦༡ལོའི་ཟླ༣པའི་ཚེས༡)རྒྱལ་ཁབ་ཀྱིས་ས་བགོ་བྱས་ཏེ་གསེར་ཐལ་རྫོང་གི་ཁུངས་སུ་བསྡུས་པ་རེད།

       འདིའི་ཡན་ལ་ལོ་རྒྱུས་ཀྱི་དང་བ་འདྲེན་པའི་ཕྱིར་དུ་གསེར་སྨད་སྦོ་མདའི་ལོ་རྒྱུས་རགས་བསྡུས་ཤིག་ཚིག་ཚོགས་ཡང་མོའི་སྒོ་ནས་བཤད་པ་ཡིན་ལ། ད་ནི་སྐབས་བབ་ཀྱི་དོན་དེ་གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་བོད་ཁང་གི་བཟོ་བཀོད་དང་འཛེམ་བྱ། ཁྱད་ཆོས་ཀྱི་སྐོར་བཤད་པར་བྱ།

གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་ཁང་པའི་བཟོ་བཀོད་རགས་བཤད་གསེར་ཆུ་སྔོན་མོའི་བཞུར་རྒྱུན།

      གཅིག  སྦོ་མདའ་གྲོང་རྡལ་གྱི་ཁང་པའི་ཆགས་རིམ་དང་ས་དཔྱད།

       དེ་ཡང་བོད་ཁང་གི་ལོ་རྒྱུས་ནི་ཤིན་ཏུ་རིང་ལ་ཏུན་ཧོང་ཡིག་རྙིང་ལས་རྒྱལ་ཕྲན་ཡུལ་ཡུལ་ན། ཡུལ་ཆབ་ཀྱི་ཡར་འགོ། མཁར་ཁྱུང་ལོང་དངུལ་མཁར་ནང་ན། རྒྱལ་པོ་ལུག་སྙ་ཤུར། ཞེས་དང་། མཁར་མྱང་རོ་ཤམ་པོ་དགུ་རྩེག་ལང་ལང་གི་ནང་ན།  ཞེས་པ་སོགས་ལས་བོད་ཁང་གི་ཐོག་མ་མཁར་རམ་ཕོ་བྲང་གི་ལོ་རྒྱུས་ནི་ཁྲི་བདུན་གོང་སྟེ་རྒྱལ་ཕྲན་སིལ་མའི་སྐབས་ནས་ཀྱང་ཡོད་པ་དངོས་སུ་གསལ་བ་དང་། ལྷག་པར་དུ་ཆབ་མདོ་ཁ་རུབ་ནས་རྙེད་པའི་ཁང་ཤུལ་ལ་བརྟགས་ཚེ་བོད་ཁང་ལ་ལོ་ངོ་ལྔ་སྟོང་གི་ལོ་རྒྱུས་ལྡན་པ་དངོས་ཡོད་ཀྱིས་ར་སྤྲོད་ཡོད། ཡང་བོད་ཁང་ལ་སྤྱིའི་ཆ་ནས་དབྱེ་ན་གསོན་པོ་གནས་སའི་ཁང་བཟང་དང་གཤིན་པོ་སྦེད་སའི་བང་སོ་བཅས་རིགས་དཀར་ནག་གཉིས་སུ་ཕྱེས་ཡོད་ལས། གསོན་པོ་གནས་སའི་བོད་ཁང་གི་ཐོག་མ་ནི་མཁར་རམ་ཕོ་བྲང་ཡིན་ཞིང་དེ་ཡི་ལོ་རྒྱུས་རྒྱབ་ལྗོངས་ཀྱང་དམག་འཁྲུགས་ཏེ་དགྲ་བོའི་གླགས་འོག་ཏུ་མི་ཚུད་པའི་ཆེད་དུ་ཕྱོགས་བཞི་མེ་ལོང་ལྟར་གསལ་བའི་རི་བོའི་སྤོ་རུ་བཞེངས་པ་སོགས་སྔོན་གྱི་རྒྱལ་པོ་རྣམས་ཀྱི་མཁར་ཤུལ་ལ་ལན་གཅིག་བལྟས་པས་རྟོགས་ཐུབ། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་བོད་ཁང་ནི་རི་རྩེའི་ཕོ་བྲང་ནས་དམངས་ཕལ་བའི་སྡོད་ཁང་དུ་བསྒྱུར་མགོ་བརྩམས་ཤིང་བསྒྱུར་མཁན་ལ་ཡང་བཙན་པོའི་དགུང་བློན་བཞི་ཡི་ཡ་གྱལ། འཕྲུལ་བློན་མཛངས་མི་བདུན་གྱི་ལྔ་པ། སྙགས་ཁྲི་བཟང་ཡང་སྟོན་ཡིན་པ་ཆོས་འབྱུང་མཁས་པའི་དགའ་སྟོན་ལས། འདི་ཉིད་མཛངས་པའི་ལས་སུ་རི་ཁྱིམ་ཀླུངས་སུ་ཕབ། སྤོ་མཐོ་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས། འདི་ཡན་བོད་ཀྱི་ཁང་ཁྱིམ་རི་ལ་ཡོད། དེའི་ཕྱིར་བོད་ཀྱི་མཛངས་མི་ལྔ་པ་ཡིན། ཞེས་པ་ལྟར་རོ།

      དེས་ན་གསེར་སྨད་སྦོ་མདའི་བོད་ཁང་གི་ཆགས་རིམ་ཡང་གོང་གི་ལོ་རྒྱུས་འཕེལ་རིམ་ལྟར་རིམ་གྱིས་བྱུང་བར་ཀླན་ཀ་མི་དགོས་མོད། བྱེ་བྲག་ས་གནས་རང་བཞིན་གྱི་བཤད་སྲོལ་ལྟར་ན་ཡུལ་འདིའི་ཁང་པའི་ཆགས་རིམ་ནི། དང་པོ་མི་རྣམས་ཀྱིས་དྲོ་གྲང་མི་སྙོམས་པའི་དུས་བཞིའི་འགྱུར་ལྡོག་ལ་གཡོལ་ཆེད་བྱ་འཇོར་ཞེས་སྡོང་པོ་རྐང་གཅིག་གི་ལུས་ཀྱི་ཡལ་ག་རྣམས་བཅད་དེ་སྡོང་པོའི་རྩེ་རུ་བྱ་ཡི་མགོ་ལྟ་བུ་ཞིག་བཞག་པ་དེའི་རྩ་རུ་ཚ་བྱོལ་བྱེད་པ་ཡིན་ལ། དེ་ནས་ནམ་ཟླ་དགུན་ཁ་སླེབས་པ་ན་སྔར་གྱི་བྱ་འཇོར་གྱི་མཐའ་རུ་བྱ་ཡི་གཤོག་པ་ལ་དཔེ་བྱས་ཏེ་ནགས་ཀྱི་ལོ་མ་སྤུངས་ནས་གྲང་བྱོལ་བྱེད་ཅིང་། ཅུང་ཙམ་ཁང་པའི་དབྱིབས་དོད་པའི་ཚེ་ཐོག་འགེབ་ལ་རྩྭ་རྡོ་ཤིང་སོགས་བྱེད་སྲིད། མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་ཕྱིན་པ་དང་བརྟེན་རིམ་གྱིས་སྔར་གྱི་རྩི་ཤིང་གི་ཁང་པ་ལ་འཇུམ་བྱུགས་ནས་སྤུས་ཀ་ཇེ་ལེགས་སུ་གཏོང་བར་མ་ཟད། མཐའ་རུ་རྡོ་བསྒྲིགས་ཏེ་རྡོ་རྩིག་གི་ཁང་པ་སྐྲུན་མགོ་བརྩམས། གཞན་དགོད་སྐྱེན་པའི་གཏམ་རྒྱུད་ཅིག་ལ་སྔོན་སྡེ་བརྒྱད་མི་མ་ཡིན་ཞིག་གིས་ཡུལ་འདིའི་རྒད་པོ་ཞིག་ལ་ཁྱེད་ལ་ཁང་པ་གནམ་ནས་བབ་པ་འདྲ་ཞིག་དགོས་སམ་ས་ནས་སྐྱེས་པ་འདྲ་ཞིག་དགོས་ཞེས་དྲིས་ཚེ། རྒད་པོ་དེས་གནམ་ནས་བབ་པའི་ཁང་པར་བལྟ་འདོད་ཀྱིས་གནམ་ནས་བབ་པ་འདྲ་ཞིག་དགོས་ཞེས་ལན་བསྙད་པས་ཡུལ་འདིའི་བོད་ཁང་རྣམས་ནི་གནམ་ནས་བབ་པར་བཤད་མཁན་ཡང་ཡོད་དོ།།

          ཡུལ་འདིའི་རྡོ་རྩིག་གི་ཁང་པ་དང་ཤར་རྒྱལ་མོ་རོང་གི་ཁང་པའི་བཟོ་དབྱིབས་གཉིས་ཅུང་མི་འདྲ་ལ་དེ་ནི་ཕལ་ཆེར་ཁོར་ཡུག་གི་ཆ་རྐྱེན་ལ་རག་ལས་པ་ཞིག་མ་ཡིན་ནམ་སྙམ།གང་ལྟར་ཡུལ་འདིའི་བོད་ཁང་བསྐྲུན་པར་དུས་དང་ས་དཔྱད་ལ་དང་དོད་དང་འཛེམ་བག་ཆེན་པོ་བྱེད་སྲིད་ལ།དང་པོ་དུས་ཚེས་ཀྱི་འཛེམ་བྱ་ལ། གསུམ་གསུམ་ཁང་ཁྱིམ་རོ་ཁང་འགྲོ། ཞེས་ར་བ་བཞིའི་ཚེས་གསུམ་དང་། འབྲིང་པོ་བཞིའི་ཉེར་གསུམ། ཐ་ཆུང་བཞིའི་ཚེས་བཅུ་གསུམ་རྣམས་ལ་ཁང་ཁྱིམ་གྱི་གནམ་སྒོ་ཡིན་པས་སྦྲ་དང་གུར། ཁང་པ་སོགས་སྡོད་ཁྱིམ་ཕུབ་པ་ལ་ངན་ཞེས་ལྷག་ཏུ་འཛེམ་སྲིད་ལ། འདི་ནི་སྟག་བླ་ནོར་བུའི་རྩིས་ཀྱི་ལུགས་ལྟར་འགྲེལ་བ་ལས་གཞན་ཟླ་བ་རེའི་ཚེས་གསུམ་དང་བཅུ་གསུམ་ཉེར་གསུམ་ལ་ངོས་འཛིན་མཁན་ཡང་ཡོད་དོ།། ཟླ་ཚེས་དེ་དག་ལ་ཁེལ་མེད་ཚེ་རང་དགར་གྱི་སྐར་ཡག་ཅིག་ཡིན་ཕྱིན་ཁང་པ་བསྐྲུན་པར་བྱེད།

        ཡང་ཡུལ་འདིའི་ཁང་པ་འཛུགས་ཡུལ་གྱི་ས་དཔྱད་ལ་གནམ་གྱི་དབྱིབས་དང་། རི་དཔྱད། ཆུའི་རྒྱུ་ཕྱོགས། ཤིང་གི་སྐྱེ་སྟངས། ཉི་ཟླ་འཆར་ནུབ་སོགས་ལ་བརྟག་དགོས། དེ་ལ་གནམ་སྒྲོན་སྟག་མོའི་མཆེ་བ་ཞེས་རི་བོ་གཉིས་ཀྱི་སྤོ་མཉམ་དུ་གཤིབས་ཤིང་སྟག་མོའི་མཆེ་བ་ལྟ་བུའི་ནམ་མཁའི་འོག་ཏུ་ཁང་པ་བསྐྲུན་པར་འཛེམ་ལ། ས་སྒྲོན་གད་པ་མདུང་རྩེ་ཞེས་ཁ་གཏད་ཀྱི་རི་ངོས་སུ་གད་པ་ཆད་དེ་མདུང་ལྟ་བུའི་ཤུལ་ཡོད་ཚེ་དེ་ཕྱོགས་སུ་བསྐྲུན་མི་བྱ། ཡང་ཤིང་སྒྲོན་རླུང་གི་གཡབ་མོ་ཞེས་སྡོང་བོ་ཁེར་སྐྱེས་ཡལ་འདབ་གཅིག་ཅན་གྱི་ཕྱོགས་སུ་བསྐྲུན་པར་འཛེམ་པ་དང་། ཆུ་སྒྲོན་ཉི་ཟླའི་མེ་ལོང་ཞེས་འཆར་ཀའི་ཉི་འོད་དང་ཟླ་བའི་འོད་ཕོག་སའི་ཆུའི་ཕྱོགས་སུ་བསྐྲུན་མི་སྲིད་དོ།། ས་དགྲར་གྱུར་བའི་སྒྲོན་གཙོ་བོ་འདི་བཞི་དང་མ་ཕྲད་ཚེ་འཛེམ་བག་ཆེར་མི་བྱེད་ལ་ལྷག་ཏུ་དེང་དུས་ལྟ་བུའི་རང་རྐྱེན་དང་གཞན་རྐྱེན་གཉིས་ཆ་ནས་ཕུངས་པའི་དུས་འདིར་ད་དུང་སྔོན་སྲོལ་ལྟར་ལག་ལེན་བགྱི་ཞེ་ན་ལྷག་ཏུ་དཀའ་འོ།།

       གཉིས། སྦོ་མདའ་གྲོང་རྡལ་གྱི་ཁང་པའི་ཕྱི་ཡི་གྲུབ་ཚུལ་དང་ནང་གི་སྲུང་བཞི།

       གོང་སྨྲོས་བཞིན་དུས་ཚེས་དང་ཁང་ས་ལ་བརྟག་རྗེས་ཁང་ས་ངོས་བཟུང་བའི་རྟགས་སུ་ཕུར་པ་ཞིག་གཟུགས་དགོས་ལ་དེ་ནས་ཁང་པའི་དབྱིབས་དང་གཞི་ཁྱོན། ཁང་སྒོ་སོགས་གཏན་ཁེལ་བྱེད་དགོས། སྤྱིར་བོད་ཁང་གི་དབྱིབས་ལ་ཕུག་པ་སྒོང་གཟུགས་མ་དང་། ཕུག་པ་ཐལ་མོའི་ཕྱག་རྒྱ་ཅན་དང་། གྲུ་བཞི་གཡུང་དྲུང་མ་དང་། ཁང་བཟང་ལུག་མགོ་མ། ཆོས་འབྱུང་གཟུགས་ཅན་སོགས་མང་པོ་ཡོད་པ་ལས།ཡུལ་འདིའི་བོད་ཁང་གི་བཟོ་དབྱིབས་ནི་གྲུ་བཞི་གཡུང་དྲུང་མ་དང་ཆོས་འབྱུང་བསྣོལ་མའི་གཟུགས་ཅན་གྱི་ཁང་པ་ཤ་སྟག་རེད། ཆོས་འབྱུང་བསྣོལ་མའི་གཟུགས་དབྱིབས་དེ་ཅི་འདྲ་ཞིག་རེད་ཟེར་ན། རྡོ་རྩིག་དང་གྱང་གི་ཁང་པའི་གཞི་ཁོག་དེ་རྨང་གདན་ནས་རྩེ་མོ་གནམ་དུ་ཟུག་པའི་ཆོས་འབྱུང་ཞིག་དང་། སྒོ་དང་སྒེའུ་ཁུང་དེ་སྟེང་ནས་རྩེ་མོ་ས་གཞི་ལ་ཟུག་པའི་ཆོས་འབྱུང་ཞིག་སྟེ་ཆོས་འབྱུང་གཉིས་བསྣོལ་བའམ་བརྩེགས་པའི་རྣམ་པ་ནས་བོད་ཁང་དངོས་སུ་གྲུབ་ཡོད། ཡང་གསར་དར་གྱི་བཤད་སྲོལ་ཞིག་ལ་གསེར་བའི་ཁང་པའི་བཟོ་དབྱིབས་ནི་གསེར་བ་ཉི་འབུམ་དར་ཡག་ལ་རྗེས་དྲན་བྱེད་ཆེད་དུ་བསྐྲུན་ལ་ཁང་པའི་བཟོ་དབྱིབས་ནི། ཕྱི་ནས་བལྟས་ན་དམག་དཔོན་ཞིག་ཀྲོང་ངེར་འགྱིང་བ་ཞིག་དང་འདྲ་བ་ནི་གསེར་བ་ཉི་འབུམ་དར་ཡག་གི་སྐུ་ལུས་ལ་དཔེ་བླངས་ནས་བཟོས་པ་ཡིན་ཞེས་ཀྱང་བཤད་དོ།།

      ཁང་པའི་གཞི་ཁྱོན་འཇལ་ཚུལ་ལ་སྔོན་ལྟར་ན་མདའ་རྒྱང་གང་ཞེས་སྙེ་མའི་མདའ་མོ་འཕངས་ཏེ་འཇལ་ཚུལ་ཞིག་དང་ཀ་བ་རེའི་བར་ལ་ཀ་ཐག་གཅིག་གཉིས་ཞེས་འཇལ་ཚུལ་ཡོད་མོད། ད་ལྟ་ནི་རང་རང་གི་དགོས་མཁོ་དང་དཔལ་འབྱོར་གྱི་ཆ་རྐྱེན་ལ་གཞིགས་པ་ལས་རྣམ་པ་གཅིག་ཏུ་འདི་རེད་ཅེས་གཅིག་གྱུར་ཞིག་མེད་པར་བཤད། དེ་ལྟར་ཁང་པའི་གཞི་ཁྱོན་གཏན་ལ་ཕབ་རྗེས་ཁང་པའི་རྨང་ས་བྲུ་བར་སྣང་ཞི་རྒྱས་པ་ཞིག་བཏོན་ཏེ་སེང་རྡོ་ཞེས་རྡོ་ཕ་བོང་འདྲ་ཞིག་རྨང་རྡོ་རུ་འཇོག་དགོས་ལ་འདི་ནི་ཁང་པའི་གཞི་རྟེན་ཡིན་པས་ངེས་པར་དུ་གྲོང་པ་ལས་མི་ལྷག་བསམ་དཀར་བ་དང་ཁ་ལས་དགེ་བ་ཞིག་གིས་འཇོག་དགོས། ཁང་པའི་རྨང་བརྩིགས་རྗེས་ཁང་པའི་སྒོ་ཕུད་པར་དོ་སྣང་ཆེན་པོ་བྱེད་ལ། ཁང་སྒོ་ནི་ཤར་ཕྱོགས་གྲོག་ལམ་ཞེས་ཤར་ཕྱོགས་སུ་གཏོད་མཁན་མང་ལ། ལྷོ་ཕྱོགས་གཡང་ལམ་ཞེས་ལྷོ་ཕྱོགས་སུ་གཏོད་མཁན་ཡང་ཁར་ཁེར་འདུག  དེ་མིན་བྱང་དགྲ་ལམ་དང་ནུབ་དུར་ལམ་ཞེས་ནུབ་བྱང་གཉིས་སུ་སྒོ་གཏོད་སྲོལ་མེད། ཁང་སྒོའི་ཕྱིའི་སྒོ་གདན་ནི་ཅུང་མཐོ་བར་བྱས་ཏེ་མི་ཞིག་ཁང་པའི་ནང་དུ་འཛུལ་ཚེ་མགོ་སྒུར་སྒུར་བྱས་ནས་འོང་དགོས་པ་ཞིག་ཡིན་ལ་དེ་ནི་རོ་ལངས་འགོག་པའི་ཆེད་ཡིན། སྒོ་ཟྭ་ལ་ར་ནུ་ཞེས་ཤིང་གི་ཟྭ་དང་འཕྲེད་གདན་སོགས་འཇོག་སྲིད། ཁང་པའི་སྒོ་གཏོད་ཉིན་སྒོ་སྟོན་ཞེས་ཀ་ར་བུ་རམ་དང་ཤ་མར་ཐུད་སོགས་བསྒྲིགས་ཏེ་རྟེན་འབྲེལ་གྱི་བྱེད་སྒོ་དང་ཆོས་ལུགས་ཀྱི་ཆོ་ག་རྒྱ་ཆེ་ཆུང་སོགས་སྤེལ་སྲིད། དེ་ནས་སྐས་ཀྱི་བང་རིམ་ནི་ངེས་པར་དུ་ཡ་གྲངས་སྟེ་བཅུ་གསུམ་དང་ཡང་ན་བཅོ་ལྔ་ལོན་དགོས། གཏམ་དཔེ་རུ་བཟང་སྐས་དུམ་བཅུ་གསུམ་གྱི་འགོ་ད་འཛིན་ཞེས་པའང་འདི་ནས་བྱུང་བར་སྙམ། སྐས་འཛེག་གི་གདང་རེའི་ཞིང་ཚད་ལ་མཐོ་གང་དང་སོར་ལྔ་ཡོད་དགོས། སྐས་འཛེག་ལའང་སྐྱིད་དང་པོ་སྡུག་གཉིས་པ་ཞེས་བརྩི་སྲོལ་ཡོད་ཅིང་སྐས་འཛེག་གི་ཐ་མའི་བང་རིམ་དེ་སྐྱིད་ལ་ཁེལ་ཡོད་དགོས། དེ་ནས་སྒེའུ་ཁུང་ནི་སྤྱིར་ཉི་འོད་དང་རླུང་རྒྱུ་བའི་ཆེད་དུ་ཕུག་པ་ཡིན་པས་གསལ་ཁུང་ཡང་ཟེར། ཡུལ་འདིའི་སྒེའུ་ཁུང་ཕུག་སྟངས་ནི་ཉིས་ཐོག་གི་ཤིང་ཁང་ངོས་སུ་ཕུག་ཅིང་མི་ཞིག་གོ་ཁར་བསྡད་ན་དེའི་མགོ་ཡི་ཡན་ཞིག་ནས་ཕུག་དགོས་ལ་དེ་ནི་སྒེའུ་ཁུང་ལས་མགོ་བོ་མཐོང་ཚེ་དགྲ་བོས་གླགས་འཚོལ་སྲིད་པས་དེར་གཡོལ་ཆེད་ཡིན། ནུབ་ཁ་རུ་སྒེའུ་ཁུང་མིག་བཞི་ཅན་གཏོད་ལ་དེ་ནི་ས་བཅོས་ཀྱི་ཆེད་དུ་ཡིན། བྱང་ཁ་རུ་ཆབ་ཁང་ལས་གཞན་འཇོག་སྲོལ་མེད། ཡང་ཁང་པའི་སྟེང་དུ་ཆབ་བམ་གཡུལ་བརྡུང་ཞེས་དགོན་པའི་འདུ་ཁང་གི་རྒྱང་མཐོང་ལྟ་བུ་ཞིག་བཞག་ཡོད་ལ་དེ་ནི་གཙོ་བོ་ཉི་ལྡེ་དང་སེམས་ཅན་གྱི་གཟན་ཆས་སམ་འབྲུ་རིགས་སྐམ་ས་ཡིན། ཁང་པའི་གླད་འགེབ་ཀྱི་འོག་ཏུ་ར་འཇའ་འམ་སྤེན་འགོ་ཞེས་ཤིང་མགོ་གླང་མ་དང་སྤེན་མ་སོགས་ཆུན་པོ་བྱས་ནས་རྒྱན་སྲོལ་ཡོད་པ་དེ་ནི་ཡུལ་འདིའི་ཁང་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྱུར་ཡོད་ལ། དེའི་དགོས་པ་ནི་མདའ་འགོག་སྟེ་དགྲ་བོས་འཕངས་པའི་མདའ་དེ་ཤིང་སྤེན་མའི་ཚེབ་ཏུ་ཟུག་སླ་བས་ཡིན་པ་དང་ཁང་པའི་ངོས་སུ་ཆར་ཆུ་མི་ཟེགས་པའི་དགོས་པ་རེ་ཟུང་ཡང་འདུགཉིས་ཐོག་ཤིང་ཁང་གི་ཕྱི་རུ་བརྐྱང་ར་ལག་སྦྲེལ་ཞེས་པང་ལེབ་མང་པོ་གྲིལ་བསྒྲག་ཅེས་པའི་གདུང་མ་ཕྲ་མོའི་ངོས་སུ་བརྐྱངས་ཡོད་ལ་དེ་ནི་འབྲི་རིགས་དང་སེམས་ཅན་གྱི་པགས་པ་སོགས་ཉི་མར་སྐམ་ས་ཡིན། དེ་ལྟར་ཡུལ་འདིའི་ཁང་པ་ནི་ཐོག་བརྩེགས་གཉིས་ཀྱིས་གྲུབ་པ་ཞིག་ཡིན་ལ། ཐོག་བརྩེགས་དང་པོ་རྡོ་ཁང་དང་ཐོག་བརྩེགས་གཉིས་པ་ཤིང་ཁང་ཡིན། ཐོག་བརྩེགས་གཉིས་པོ་དེ་ཡང་དབྱར་དགུན་གཉིས་ཀྱི་ནམ་ཟླ་དང་འཚམ་པ་མ་ཟད། རླུང་མཁྲིས་བད་ཀན་སོགས་སྙོམ་འཇུག་བྱེད་པའི་ནུས་པ་དང་ལྡན་པས་གསོ་རིག་རྒྱུད་བཞི་ལས། ས་ཡི་ཁང་པ་ཉིས་རིམ་ནང་དུ་བསྡད།། ཅེས་པ་དེ་ཡིན་ནོ།། ཡང་ཁང་འོག་ཏུ་སྒོ་ཕྱུགས་ཉལ་བ་དང་། ཐོག་བརྩེགས་སྟེང་དུ་མི་རྣམས་འཚོ་བ། ཁང་སྟེང་དུ་སེམས་ཅན་གྱི་གཟན་ཆས་ཉར་ཚགས་བྱ་བ་བཅས་ནི་མི་རིགས་གཞན་དང་བསྡུར་ན་དེར་མངོན་པར་འཕགས་པའི་ཁྱད་ཆོས་དུ་མ་ཞིག་ཡོད་པར་མ་ཟད། ཐོག་བརྩེགས་གཉིས་ལྡན་གྱི་ཁང་པ་ལ་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ཡོད་པ་ཡང་ཁ་རུབ་གནའ་ཤུལ་གྱིས་ར་སྤྲོད་བྱས་ཡོད་དོ།།

      ནང་གི་གྲུབ་ཚུལ་ལ་ཀ་བཞི་གདུང་བརྒྱད་ཅེས་ངེས་པར་དུ་ཀ་བ་གསུམ་ནས་བཞི་ཡོད་དགོས་ལ། ཀ་གཅིག་རླུང་གི་འཁོར་ལོ་ཞེས་ཀ་བ་གཅིག་ཅན་གྱི་ཁང་པ་ནི་མི་བརྟན་པའི་དཔེ་རུ་འཇོག་སྲིད། ཀ་རྡོ་འཇོག་པར་ཡང་མི་བློ་རྩ་བརྟན་པོ་དང་ཁ་ལས་དགེ་བ་ཞིག་གིས་འཇོག་དགོས་པར་མ་ཟད་ཀ་སྟེང་གི་གདོང་བྲན་ཡང་ངེས་པར་དུ་གཞུང་དུ་བསྒྲིགས་པ་ལས་འཕྲེད་དུ་བསྒྲིགས་ཚེ་འདྲེ་འགེབ་ཅེས་ལྟས་ངན་དུ་བརྩི་སྲིད། དེ་ལྟར་ཁང་པའི་ནང་གི་ཁོ་ལག་ལེགས་པར་གྲུབ་རྗེས་ཁྱིམ་ཆས་དག་གོ་རིམ་དང་ལྡན་པའི་སྒོ་ནས་སྒྲིག་དགོས་པ་རེད། དཔེར་ན་ཁང་པའི་ནང་དུ་སྲུང་བཞི་ཚང་པ་ནི་ཤར་སྟག་སྐྱ་བོ་ཞེས་ཤིང་བཞིའི་སྒམ་ལྟ་བུ་གྲུབ་པའི་སྒོ་དེ་ཤར་དུ་གཏོད་སྲིད་ལ། ལྷོ་གཡུ་འབྲུག་སྔོན་མོ་ཞེས་ཆུ་ཟོ་དང་ཆུ་སྣོད་ཁང་ཁྱིམ་གྱི་ལྷོ་རུ་འཇོག་པ་དང་། ནུབ་རྨ་བྱ་དམར་པོ་ཞེས་སྒྱེད་པུའམ་ཐབ་ཀ་ནུབ་ཕྱོགས་སུ་འཇོག  བྱང་རུས་སྦལ་རྒྱ་བོ་ཞེས་ལག་མཆིག་གམ་རྡོ་མཆིག་ཁང་ཁྱིམ་གྱི་བྱང་དུ་འཇོག་སྲིད། འདི་ནི་ཡུལ་འདིའི་བོད་ཁང་གི་ནང་གི་སྲུང་བཞི་ཡིན། ཡང་མུན་ནག་ཕུགས་སུ་མཛོད་ཁང་བྱ་ཞེས་རྒྱུ་ནོར་དང་གཡང་ཁུག་སོགས་མུན་ནག་གི་ཕུགས་སུ་འཇོག་པར་བཤད་ལ། ཡུལ་འདིའི་མཛོད་ཁང་ནི་ཅི་ལྟ་བུ་ཞིག་ཡིན་ཟེར་ན། དང་པོ་ཤིང་སྟག་པ་སུམ་ཚེབ་བཞི་ཚེབ་བྱས་ཏེ་ཁང་ཆུང་གྲུབ་པ་དང་དེའི་མཐའ་རུ་འདམ་བག་གམ་གྱང་བྱུགས་རྗེས་དེ་ནི་ཤིན་ཏུ་སྲ་མཁྲེགས་ཅན་དུ་གྱུར་པས་དགྲ་རྐུན་འགོག་པར་བཟང་བ་དང་། ཆར་ཆུ་དང་འོད་སོགས་ཕོག་མི་སྲིད་པས་རང་བྱུང་གི་གནོད་འཚེ་ཡང་འགོག་པའི་ནུས་པ་ལྡན། རྩིས་གཞུང་ལས་ཁྱིམ་ཕུགས་གསལ་ན་ནོར་མི་ཆགས་ཞེས་པའང་གནད་དོན་འདིར་གཡོལ་ཆེད་ཡིན་ནོ།།

གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་ཁང་པའི་བཟོ་བཀོད་རགས་བཤད་གསེར་ཆུ་སྔོན་མོའི་བཞུར་རྒྱུན།

         གསུམ། སྦོ་མདའ་གྲོང་རྡལ་གྱི་ཁང་པའི་ཚོན་མདོག་དང་ཆོས་ལུགས་ཀྱི་མཚོན་དོན།

      ཡང་བོད་ཁང་སྤྱིའི་ཚོན་མདོག་ལ་དཀར་སེར་དམར་སྔོན་སྟེ་རྩ་བའི་ཁ་དོག་བཞི་པོ་རེ་རེ་བཞིན་རྣམ་པ་ཅི་རིགས་པའི་ཚུལ་གྱིས་བྱུག་ཚུལ་ཡོད་ཅིང་དེ་ལ་ཆོས་ལུགས་ཀྱི་ནང་དོན་དང་ཡུལ་སྲོལ་གོམས་གཤིས་ཀྱི་ལོ་རྒྱུས་ལྡན་པའི་གཏམ་རྒྱུད་རེའང་བཤད་རྒྱུ་ཡོད། དཔེར་ན་ཁམས་ཕྱག་ཕྲེང་ཡུལ་གྱི་ཁང་པ་ནི་དཀར་པོ་དཀར་རྐྱང་སྟེ་དུང་གི་མགྲོན་བུ་བསྟར་ལ་བརྒྱུས་པ་ལྟ་བུ་ཞིག་ཡིན་ལ་དེ་ཡིས་ཅི་ཞིག་མཚོན་ཟེར་ན། སྐྱོན་གྱིས་མ་གོས་སྐུ་མདོག་དཀར་བ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་མདོག་མཚོན་པ་དང་། ཕྱག་ཕྲེང་ཟེར་དོན་ཡང་ཕྱག་ཕྲེང་ཁོངས་སུ་བཞུར་བའི་ཤོར་ཆུ་དང་དམར་ཆུ། བདེ་ཆུ་བཅས་ཀྱི་ངོགས་གཉིས་ཀྱི་བོད་ཁང་དཀར་པོ་ནི་ས་ལ་ཐོར་བའི་ཕྲེང་བ་དང་འདྲ་ཞིང་། དེ་དར་སྐུད་ལྟ་བུའི་ཆུ་བོ་གསུམ་གྱིས་ཕན་ཚུན་སྦྲེལ་བས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ཕྱག་གི་ཕྲེང་བ་དང་འདྲ་བས་དེ་སྐད་ཐོགས་སོ།། ཞེས་དང་། ཡང་གནའ་གྲོང་ས་སྐྱའི་ཁང་པའི་ཚོན་མདོག་ནི་གཞི་སྔོ་ནག་དང་དེའི་སྟེང་དུ་ཚོན་དཀར་པོ་དང་དམར་པོ་བྱུག་སྲོལ་ཡོད་ལ་དེ་ནི་ས་སྐྱའི་ཡུལ་སྐོར་གནས་ཡིག་ལས་ཚད་མཐུན་གྱི་བཞེད་ཚུལ་ནི་གཞི་སྔོན་པོ་དཔལ་ལྡན་ས་སྐྱའི་ཡི་དམ་ལྷ་ཀྱེ་རྡོ་རྗེ་དང་ཕུར་བ་རྡོ་རྗེ་གཞོན་ནུ་གཉིས་མཚོན་པ་སྟེ། དབུས་ཞལ་སྐུ་མདོག་སྔོན་པོ་མཚོན་པ་དང་། དཀར་པོས་གཡས་ཞལ་ཟླ་བ་ལྟར་དཀར་བ་མཚོན། དམར་པོས་གཡོན་ཞལ་ཉི་མ་ལྟར་དམར་བ་མཚོན་པར་སྣང་ཞེས་བྲིས་པ་བཞིན། ཡུལ་ལུང་མི་འདྲ་བའི་ཁང་པའི་ཚོན་མདོག་མི་འདྲ་ཞིང་རྒྱབ་ལྗོངས་ཀྱི་མཚོན་དོན་ཡང་མི་འདྲའོ།།

      འོ་ན་གསེར་སྨད་སྦོ་མདའི་བོད་ཁང་གི་ཚོན་མདོག་ནི་དམར་སྨུག་ཡིན་ལ་དེ་ཡང་ཁང་བརྩེགས་འོག་མ་ནི་རྡོ་རྩིག་རང་རྗེན་དུ་འཇོག་ཅིང་ཉིས་ཐོག་དང་སུམ་ཐོག་གི་མདོག་ནི་ཚོན་མདོག་དམར་སྨུག་བྱེད་པ་རེད། དེའི་མཚོན་དོན་ནི་ཅི་ཞིག་རེད་ཟེར་ན། དམངས་ཁྲོད་དུ་ས་དཀར་པོ་ནད་གདོན་བར་ཆད་ཞི་བའི་རྟགས། ས་དམར་ཁམས་གསུམ་དབང་དུ་སྡུད་པའི་རྟགས། ས་ནག་དགྲ་གེགས་བར་ཆད་ཞི་བར་བྱེད་པའི་རྟགས་ཞེས་ཚོན་མདོག་དམར་པོ་ནི་ཞི་རྒྱས་དབང་དྲག་ལས་དབང་དུ་སྡུད་པའི་དོན་དུ་འཇུག་པར་བཤད་མོད། སྔོན་གྱི་ལོ་རྒྱུས་སོགས་ལ་བལྟས་ན། ཁང་པའི་ཚོན་དམར་པོ་བྱེད་རྒྱུ་ནི་ཉི་མར་མཆོད་པ་ཕུལ་བའི་ཆོ་ག་ཞིག་ཡིན་ལ། དམར་པོ་སྟེ་མཚལ་མདོག་ནི་སྲོག་གི་དབང་པོ་མཚོན་བྱེད་ཡིན་པས་ཁང་པའི་ནང་དུ་སྡོད་མཁན་གྱི་ཚེ་སྲོག་མི་འགྱུར་བར་གཡུང་དྲུང་ཉི་མ་བཞིན་དུ་བརྟན་པ་དང་། དབང་ཐང་དང་རླུང་རྟ་སོགས་དར་བའི་ཆེད་དུ་སྦྱོར་བ་ཞིག་མ་ཡིན་ནམ་སྙམ། ཡང་ཁང་པའི་གནམ་མཚམས་སུ་དུང་ཕྲེང་ཞེས་གཞི་ནག་པོའི་སྟེང་ལ་ཚོན་དཀར་པོའི་ཐིག་ལེ་ཕབ་སྲིད་པ་དེས་ཐབས་ཤེས་ཟུང་འཇུག་མཚོན་པར་བཤད་ལ། གནམ་ས་ཁ་སྤྲོད་ཅེས་དཀར་པོས་གནམ་མཚོན་པ་དང་ནག་པོས་ས་མཚོན་པར་ཡང་བཤད་དོ།།

       ཡུལ་འདིའི་བོད་ཁང་ངོས་སུ་ཆོས་ལུགས་ཀྱི་མཚོན་དོན་འགའ་ཡོད་པ་ལས་ཚབ་མཚོན་གཅིག་ནི་ཁང་སྟེང་དུ་ལབ་ཙེ་བསྟོད་རྒྱུ་ཡོད་པ་དེ་རེད། ལབ་ཙེ་ནི་བོད་མི་རིགས་ཀྱི་གདོད་མའི་ཕ་ཆོས་སྟེ་བོན་ལུགས་ལས་བྱུང་བ་ཞིག་ཡིན་པར་རྩོད་པ་མེད་མོད། དེང་སང་ནི་ནང་ཆོས་ཀྱི་ཤན་ཞུགས་ཏེ་ལབ་ཙེའི་དར་ལྕོག་གི་ངོས་སུ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་། མདོ་གདུགས་སྒྲོལ་གསུམ་སོགས་དཔར་ནས་ཡོད། དར་གྱི་ཁ་དོག་ལ་དར་ཚོན་སྣ་ལྔ་བྱས་ཏེ་འབྱུང་བ་ལྔའི་ཁམས་གསོ་ཞིང་རང་རང་གི་རླུང་རྟའི་དར་མདོག་མི་འདྲ་བ་མཚོན་པར་བྱེད་ལ། སྔོན་པོ་གནམ་དང་དཀར་པོ་སྤྲིན། དམར་པོ་མེ་དང་ལྗང་གུ་ཆུ། སེར་པོས་ས་མཚོན་པ་བཞིན་གོ་རིམ་ལྟར་འདོག་སྲིད། ཡུལ་འདིའི་བླ་མ་ནོར་བུ་དྲི་མེད་ལགས་ཀྱིས་གསུངས་པ་ལྟར་ན་ཡུལ་འདིའི་ཁང་སྟེང་དུ་ལབ་ཙེ་བསྟོད་སྲོལ་ནི་དཔལ་ཆེན་རྒ་ལོ་ཞེས་པ་དེས་སྲོལ་བཙུགས་པར་བཞེད་ལ། དེས་ན་དཔལ་ཆེན་རྒ་ལོ(༡༠༤༣)ཞེས་པ་ནི་རབ་བྱུང་གཉིས་པའི་སྐབས་ཀྱི་གུང་ཐང་བླ་མ་ཞང་དང་དུས་མཉམ་གྱི་བླ་མ་ཞིག་ཡིན་ལ། གཤིན་རྗེ་གཤེད་དམར་གྱི་ཆོས་འབྱུང་ཞེས་པ་རུ་དཔལ་ཆེན་དགའ་ལོས་མདོ་ཁམས་ཕྱོགས་སུ་འགྲོ་དོན་བསྐྱངས་ཚུལ་ཡོད། ཡུལ་འདིའི་རི་མཆོད་ཀྱི་བསང་ཡིག་ཅིག་ཏུའང་། ཀྱེེ། དཔལ་ཆེན་དགའ་ལོའི་བཀའ་ཉན་པ། ། རི་བཟང་གཉན་པོ་འཁོར་བཅས་རྣམས།། དེ་རིང་གནས་འདིར་གཤེགས་སུ་གསོལ།། འདིར་བཞུགས་བསང་དང་མཆོད་པ་བཞེས།། ཞེས་པ་ཞིག་ཀྱང་མཐོང་བས་དེ་བཞིན་ཡིན་པར་སྙམ་མོ།།

       ཡང་ཆོས་ལུགས་ཀྱི་ཚབ་མཚོན་གཞན་ཞིག་ནི་ཡུལ་འདིའི་ཁང་པའི་མཐོ་ལྡེབས་སུ་རྡོ་ཁྱི་ཞེས་ཕོ་མཚན་གྱི་དབྱིབས་ལྟ་བུའི་བཅོས་ཀ་ཞིག་འཇོག་སྲོལ་ཡོད་ལ། དེ་ནི་ཁང་པའི་གཡས་གཡོན་དུ་རི་སྡིག་པ་ར་ཙ་དང་མོ་མཚན་གྱི་དབྱིབས་ལྟ་བུ་ཡོད་ན་དེ་བཟློག་བྱེད་དུ་འགྱུར་ཞེས་བཤད། ས་གཞུང་འགའ་རེའི་ནང་དུ་བཅོས་ཀ་འདིའི་མིང་ལ་དབང་ཕྱུག་ཆེན་པོའི་རྟེན་ཡང་ཟེར། ད་དུང་ཁང་པའི་ཕྱི་སྒོའི་ངོས་སུ་ཡེ་གེ་༼    ཁྲོཾ ༽  དང་ལྕི་བའི་ངོས་སུ་རྡེའུ་དཀར་ནག་ལ་དྲག་སྔགས་སོ་ལྔས་བསྔགས་ཏེ་ཁང་པའི་རྩིག་ངོས་སུ་སྦྱར་སྲོལ་ཡོད་ལ། འདི་གཉིས་ནི་སྲི་གནོན་གཤེད་བཀག་སྟེ་རང་དང་སྡེ་བ་གཅིག་པའམ་ཡང་ན་གཉེན་ཉེ་གང་ཞིག་འདས་གྲོང་དུ་གྱུར་ཚེ་གཟོད་ཁང་པའི་ངོས་སུ་འབྲི་སྦྱོར་བྱེད་པ་ལས་ཁང་གསར་གྱི་སྒོ་དང་ལྡེབས་སུ་སྦྱོར་སྲོལ་མེད་པར་བཤད་དོ།།

      མདོར་ན་གསེར་སྨད་སྦོ་མདའ་གྲོང་རྡལ་གྱི་བོད་ཁང་གི་ཕྱི་ནང་གསང་གསུམ་ཀུན་ཏུ་ཡུལ་ཉི་ཚེ་བ་འདིའི་འཛུགས་སྐྲུན་ལག་ཤེས་ཙམ་མ་ཡིན་པར་བོད་མི་རིགས་སྤྱིའི་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་བ། དད་མོས་སྙིང་སྟོབས་སོགས་འདུས་ཡོད་པས།  དེ་ནི་བྱུང་རྒྱལ་དང་མི་གཅིག་གི་འཚོ་བའི་ཁེ་ཕན་གྱི་ཆེད་དུ་སླ་བཅོས་བྱེད་ཆོག་པ་ཞིག་མིན་ལ། རྦད་དེ་ཞིབ་འཇུག་དང་སྲུང་སྐྱོབ། རྒྱུད་འཛིན་དང་ཤུལ་བཞག་རིག་གནས་ལས་གཟུགས་ལྡན་རིག་གནས་དང་གཟུགས་མེད་རིག་གནས་གཉིས་ཀྱི་རིན་ཐང་ལྡན་པས།མི་རིགས་གཞན་ལ་ངོམ་དུ་ཆོག་པའི་རིག་གནས་ཀྱི་སྒྲོམ་གཞི་ཆེན་པོ་ཞིག་ཡིན་པ་ཤེས་པར་རིགས་སོ།།

 


  • ལེ་ཚན་སྔོན་མ།:ཇོ་དར་པར་ཤིང་རྐོང་སྟངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།