ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།

        2011-05-24

འབྲུག་ཁམས་སྤྲུལ་སྐུ་ཕྲེང་གཉིས་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་སྐུ་ཕྲེང་རྗེས་མ་ཡིན།རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་(1730)རྫ་སྟོད་དཔོན་ཚང་གི་ཁྱིམ་དུ་འཁྲུངས།དགུང་ལོ་བཞིར་ཕེབས་སྐབས།མདོ་ཁམས་ལྷ་ཐོག་རྒྱལ་པོའི་མངའ་ཁོངས་ཁ་སྟག་དཀར་མོའི་རི་ཁུག་ཁམས་པ་དགོན་ཕུན་ཚོགས་ཆོས་འཁོར་གླིང་གི་སྤྲུལ་སྐུར་ངོས་འཛིན་ཞུས།སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་དང་།འབྲུག་བདེ་ཆེན་ཆོས་འཁོར་གྱི་ཡོངས་འཛིན་འཇམ་དཔལ་དཔའ་བོ་སོགས་མཁས་གྲུབ་ཀྱི་བླ་མ་མང་པོ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ངོམས་པ་མེད་པར་གནང་སྟེ་གཞུང་འགྲེལ་ཁག་མང་ལྗགས་རྩོམ་མཛད་ཅིང་།ལྷག་པར་དམ་པ་དེས་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག(1770)ལོར་མཛད་པའི་སྙན་ངག་གི་འགྲེལ་པ་《རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ》ནི་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཀྱི་དྲུང་ནས་《སྙན་ངག་མེ་ལོང་མ་》དང་།《ཙནྡྲ་པ》《སྡེབས་སྦྱོར་》སོགས་གསན་གྲུབ་རྗེས་དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གསུམ་པའི་ཤིང་ཁྱི་(1754)ལོར་ལྗགས་རྩོམ་གནང་ཞིང་།དེ་ནས་ལོ་བཅུ་དྲུག་གི་རིང་མཛད་འཕྲིན་རྒྱ་ཆེ་མང་པོའི་ཞོར་ལ་ཁ་སྣོན་དང་དག་བཅོས་ཡང་ཡང་མཛད་དེ་མཐར་དགུང་ལོ་ཞེ་གཅིག་པ་རབ་བྱུང་བཅུ་གསུམ་པའི་ལྕགས་སྟག་(1770)ལོར་ཡོངས་སུ་གྲུབ་པར་མཛད་ནས་དབུས་གཙང་ཁམས་གསུམ་དུ་《ཁམས་འགྲེལ་ཆེན་མོ》ཞེས་མཁས་དབང་ཕལ་ཆེ་བས་བསྔགས་བརྗོད་ཀྱི་མཚན་སྙན་ཡོངས་སུ་ཁྱབ་པ་ཞིག་ཡིན།དགུང་ལོ་བཅུ་དྲུག་པ་ཤིང་གླང(1745)ལོར་ཀ་སྟག་དཀར་མོའི་རི་ཁུག་ནས་ཁམས་པ་སྒར(དེང་སང་ཆབ་མདོ་རྫོང་ཁོངས)དུ་ཕུན་ཚོགས་གླིང་དགོན་པ་གནས་སྤོས་མཛད་དེ་དགོན་གནས་རྟེན་གསུམ་དང་བཅས་པ་གསར་བཞེངས།གྱིང་ཕུ་དཔལ་གྱི་ཡང་དབེན་དུ་མཚན་ཉིད་དགོན་རྣམ་རྒྱལ་ཆོས་འཁོར་གླིང་།སྒ་ཉག་དཀར་མོ་རིའི་ཡང་དགོན་དུ་སྒྲུབ་སྡེ་གསང་ཆེན་མཐོང་གྲོལ་གླིང་བཅས་དགོན་སྡེ་ཆེན་པོ་གསུམ་ཕྱག་བཏབ།བསྟན་འགྲོའི་དོན་རྒྱ་ཆེར་མཛད།མཐར་དགུང་ལོ་ལྔ་བཅུར་ཕེབས་པ་རབ་བྱུང་བཅུ་གསུམ་པའི་ས་ཕག་(1779)ལོར་ཕུན་ཚོགས་ཆོས་འཁོར་གླིང་དུ་སྐུ་གཤེགས།དམ་པ་འདིར་ཁམས་སྤྲུལ་ཞེས་པའི་མཚན་ཐོགས་སྟངས་སྐོར།རབ་བྱུང་བཅུ་པའི་ས་སྦྲུལ(1548)ལོར་ཁམས་ཁོ་ཚ་རིན་ཆེན་སྒང་དུ་འཁྲུངས་པ་ཁམས་པ་གྲུབ་ཆེན་ཀརྨ་བསྟན་འཕེལ་ཞུ་བ་ཞིག་བྱུང་བ་དེས་སྟག་ལུང་མ་ཐང་གི་གདན་ས་རི་བོ་ཆེར་ཆོས་ཞུགས་མཛད་དེ།རྗེ་དྲུང་མཚོ་སྐྱེས་རྡོ་རྗེ་སོགས་བསྟེན་ནས་སྟག་ལུང་གི་ཆོས་རྒྱུན་ཆ་ཚང་བར་གསན།ཀརྨ་པ་སྐུ་ཕྲེང་དགུ་པ་དབང་ཕྱུག་རྡོ་རྗེའི་དྲུང་ནས་བསྙེན་རྫོགས་བཞེས།རྗེས་སུ་འབྲུག་པ་བཀའ་བརྒྱུད་ཀྱི་བླ་མ་ལྷ་རྩེ་བ་ངག་དབང་བཟང་པོ་བསྟེན་ནས་འབྲུག་པའི་ཆོས་རྒྱུན་ཆ་ཚང་གསན་ཏེ་བླ་མས་ལུང་བསྟན་པ་ལྟར་ཁམས་སུ་བྱོན།རྡོ་རྗེའི་ཡང་རྫོང་དང་ཊྰ་ཀིའི་གསང་ཕུག་སོགས་སུ་སྒྲུབ་པ་ཉམས་བཞེས་གཙོ་བོར་མཛད་ཅིང་།ཞོར་ལ་སློབ་མ་རྣམས་ལ་ཆོས་འཆད་སྤེལ་གནང་བས་སློབ་མ་གྲགས་ཅན་རྒྱ་མཚོ་རྣམ་དགུས་མཚོན་བསམ་གྱིས་མི་ཁྱབ་པ་བྱུང་བར་བརྟེན་རྒྱལ་བ་མདོ་ཁམས་པ་ཞེས་ཡོངས་སུ་གྲགས་པའི་མཚན་ཆགས།དེའི་སྐུ་ཕྲེང་རྗེས་མ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་ནི།ཡུལ་དབུས་གངས་དཀར་རྫོང་ཞོལ་བདེ་སྐྱིད་གླིང་དུ་རབ་བྱུང་བཅུ་གཅིག་པའི་ལྕགས་སྤྲེལ(1620)ལོར་འཁྲུངས་ཤིང་།འབྲུག་པ་སྐྱབས་མགོན་མི་ཕམ་ཆོས་ཀྱི་དབང་པོ་ལ་གཙུག་ཕུད་ཕུལ་བས་མཚན་ངག་དབང་ཀུན་དགའ་བསྟན་འཛིན་དུ་གསོལ།རིག་གནས་སྤྱི་དང་ལྷག་པར་གསོ་བ་རིག་པ་ལ་མཁས།འབྲུག་ཁམས་པ་གྲུབ་དབང་ཀརྨ་བསྟན་འཕེལ་གྱི་ཡང་སྲིད་དུ་ངེས་པས་ཁམས་སུ་གདན་དྲངས།དེའི་སྤྲུལ་སྐུ་དགེ་རྒྱས་དཔོན་ཚང་དུ་སྐུ་འཁྲུངས་ཤིང་།སི་ཏུ་རིན་པོ་ཆེའི་སློབ་མར་གྱུར་པ་དེ་ཡིན་ཚུལ་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག《གུ་བཀྲ་ཆོས་འབྱུང་》ལྕགས་དཔར་མའི་ཤོག་གྲངས588ནས589བར་གསལ།
(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
 
 
 
 
 
 
 
 
 
 
 
 
 
 
  • ལེ་ཚན་སྔོན་མ།: རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།
  • ལེ་ཚན་རྗེས་མ།:མི་ཉག་ཀུན་བསོད་ཀྱི་རྣམ་ཐར།