མ་ཡུམ་ལགས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ

ཀུན་ཁོ།        2019-12-27

སྤྱི་ཚོགས་གསར་རྙིང་གི་དཀའ་སྡུག་བརྒྱུད་དེ་འཚོ་བ་དཀར་ནག་གི་འགག་འཕྲང་བརྒལ་ནས་ངོ་མ་ཞིང་གཞན་གྱི་བློ་ཡུལ་ལས་འདས་པའི་སྙིང་སྟོབས་དང་ཡིད་ཆེས། ལྷག་བསམ་དང་དུང་ཞེན་གྱིས་བསྐྲུན་པའི་མ་ཡུམ་ལགས། ཁྱེད་ཀྱི་དཔའ་ངར་ཞུམ་མེད་ཀྱི་སྤོབས་པ་ཡིས་དྲང་བདེན་སྐྱོང་བའི་རུ་ཁག་ཅིག་གི་མགོ་ཁྲིད་དེ་གནས་ལུགས་ཀྱི་ལམ་བུ་གསར་བ་ཞིག་བསྐྲུན། ད་དུང་མི་རིགས་ཤིག་གི་ངོ་མཚར་བའི་སྲོལ་རྒྱུན་རིག་གནས་དང་ཁྱད་དུ་འཕགས་པའི་ཡུལ་སྲོལ་གོམས་གཤིས། ལྟ་ན་སྡུག་པའི་ཕ་རྒྱུད་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་རྒྱུད་བྲག་སྲིན་མོ་གཉིས་ཀྱི་ངག་རྒྱུན་ཟབ་མོ། ཡིད་དུ་འོང་བའི་བཙན་པོ་རིམ་བྱོན་གྱི་ལོ་རྒྱུས་དང་འཛད་མེད་བཅུ་ཕྲག་རིག་པའི་གཞུང་སོགས་གངས་ཅན་གཞོན་ནུ་ཁྲི་མ་འབུམ་གྱི་ཟུངས་ཁྲག་ཏུ་དྲངས་ཤིང་། ཆོལ་གསུམ་ཁ་བ་བོད་པའི་བདེ་སྡུག་ཕྲག་ཏུ་བླངས་ནས་བགྲང་བྱ་སུམ་ཅུའི་བང་རིམ་བརྩེགས།

མ་ཡུམ་ལགས། ཁྱེད་ནི་ས་ནས་རང་བྱུང་དུ་གྲུབ་པ་ཞིག་མིན་ལ་མཁའ་ནས་ཆར་ལྟར་ལྷུང་བ་ཞིག་ནི་དེ་བས་ཀྱང་ག་ལ་ཡིན། ལྷག་པར་དུ། རང་རིགས་ཀྱི་བླ་སྲོག་བོར་བའི་སྐྱེས་བུ་ཕལ་བ་ཞིག་དང་རྩམ་དྲི་བོར་བའི་གསར་བུ་མགོ་སྟོང་ཞིག་གིས་བསྐྲུན་པ་ག་ལ་ཡིན། ཐ་ན་རྒྱུ་འབྱོར་བ་ཆེ་བའི་ཕྱུག་བདག་ཅིག་དང་སྟོབས་མངའ་ཐང་རྒྱས་པའི་རྒྱལ་བོ་ཞིག་གིས་བསྐྲུན་པའང་མ་ཡིན་ལ། སྔོན་བྱོན་མེས་པོའི་ཚེ་སྲོག་གིས་བཏབས་ཤིང་གཞུང་དྲང་སྲིད་ཇུས་དམ་པས་ཁྲག་རྒྱུན་གྱིས་བསྐྲུན་པས་ཁྱེད་ཀྱི་རིན་ཐང་ལ་སུ་ཞིག་གིས་དོ་ཟླ་འོས། ད་དུང་ཁྱེད་ཀྱི་ཟོལ་མེད་སྙིང་སྟོབས་ཀྱི་མེ་ལྕེ་དྲག་ཏུ་འབར་ཞིང་བླ་མེད་སྙན་གྲགས་ཀྱི་མཚོ་མོ་དགུང་དུ་འཕྱོ་བས། ཁྱེད་ནི་ས་ཆེན་མོའི་ཡང་སྟེང་ན་རྔམ་བརྗིད་ཀྱིས་འགྱིང་བའི་གཞལ་ཡས་ཁང་དེ་ཡིན་ལ། མི་རིགས་ཀྱི་སྲོག་ཤིང་དང་བོད་པ་ཚང་གི་རེ་བ་བཅོལ་སའང་ཡིན། གལ་སྲིད། ཁྱེད་རང་འཇིག་རྟེན་འདིའི་སྟེང་དུ་མ་ཆགས་པའི་དབང་དུ་བཏང་ན། མེས་པོས་ཤུལ་བཞག་གི་ལོ་རྒྱུས་འཚོལ་བའི་བསམ་བློའི་སྙིང་སྟོབས་མེད་པར་འགྱུར་ལ། སྐྱེས་ཆེན་དམ་པས་དཔྱོད་ཤེས་ལས་བསྐྲུན་པའི་རིག་གཞུང་ལ་ཉམས་མྱོང་བསྡུ་བའི་ནུས་པའང་མེད་པར་འགྱུར། ལྷག་པར་དུ། ཁྱད་དུ་འཕགས་ཤིང་འགྲན་དུ་མེད་པའི་རང་རིགས་ཀྱི་བླ་སྲོག་སྟེ། སྐད་ཡིག་འདིའང་བརྗེད་སྲིད། ཡིན་ན་ཡང་། ཁྱེད་རང་གངས་ལྗོངས་འཛིན་མའི་ལྟེ་བ་རུ་ལྷམ་མེར་འཁྱིལ་བ་ཡིས་ང་དང་ང་ལྟ་བུའི་གངས་ཅན་གྱི་གཞོན་ནུ་ཁྲི་ཕྲག་གི་ཚེ་སྲོག་ལ་གསོན་ཤུགས་རྒྱས་ཤིང་མི་ཚེ་ལ་འོད་སྣང་བསྩལ།

མ་ཡུམ་ལགས། བགྲང་བྱ་སུམ་ཅུའི་ཀྱག་ཀྱོག་གི་རྐང་ལམ་བར་ནས་འདམ་རྫབ་དང་གཡང་གཟར་གྱི་འཕྲང་ལམ་ཇི་འདྲའི་འཇིགས་སུ་རུང་ནའང་ཁྱེད་ལ་ཞུམ་པ་མེད་པའི་སྙིང་སྟོབས་ལྡན་ལ། དཀའ་སྡུག་གི་འགག་འཕྲང་ཐད་ཀྱིས་བརྒལ་ཏེ་ནང་རིག་ཀུན་ཕན་གྱི་ཉི་རྡུལ་ཕྱོགས་སོར་གཏོར་ཞིང་སྒྲ་རིག་རྣོ་ངར་གྱི་རལ་གྲིས་རྨོངས་པའི་མུན་པ་སེལ་བྱུང་།  ཚད་རིག་ཁྱུང་དཀར་རྒོད་པོས་སོམ་ཉིའི་དྲ་བ་འབྱེད་ཅིང་གསོ་རིག་བསིལ་གྲིབ་ལྗོན་པས་ཡོད་ཚད་བདེ་ལ་བཀོད། བཟོ་རིག་ན་ཆུང་མཛེས་མས་མཐའ་བཞིའི་སྐྱེས་བུ་དབང་དུ་བསྡུས་ཤིང་ས་སྒང་གཉིད་ལས་དཀྲོགས་པའི་ཅོང་བརྡ་དེ་ཁྱེད་ཀྱིས་བརྒྱབ་བྱུང་།

མ་ཡུམ་ལགས། ཁྱེད་ཀྱི་དྲི་བྲལ་ལྷག་བསམ་གྱི་འོད་སྣང་རེ་རེས་གངས་ཅན་བོད་མིའི་ཐུན་མིན་གྱི་བསམ་བློ་མཚོན་ལ། ཁྱེད་ཀྱི་བརྩོན་སེམས་ཀྱི་གཟེངས་མ་རེ་རེར་ཕྲེང་འཛིན་བོད་མིའི་ཞུམ་མེད་ཀྱི་སྙིང་སྟོབས་བཀོད་ཡོད། སྲོག་གི་ཁྲག་རྩ་རེ་རེའི་བཞུར་རྒྱུན་ཁྲོད་མི་རིགས་ཤིག་གི་བླ་སྲོག་འཐུམས་ཡོད། དེ་བས། ཁྱེད་ནི་ངའི་ཚེ་སྲོག་གི་ཁྲག་རྒྱུན་དྲོན་མོ་དེ་ཡིན་ལ་ཁོ་བོ་དང་ཁོ་མོའི་ཚེ་སྲོག་གི་ཁྲག་དྲོན་དེ་ཡིན་ཡང་སྲིད།

མ་ཡུམ་ལགས། ཁྱེད་ཀྱིས་ལོ་ངོ་སུམ་ཅུའི་ནང་དུ་རྒྱང་རིང་བའི་འོད་སྣང་དེའི་ཆེད་དུ་དཀའ་སྡུག་ལྷག་མེད་མྱངས་ཡོད་ལ་སྐལ་ལྡན་གཞོན་ནུ་ཚོས་རྔུལ་ཆུའི་ཐིགས་པ་གྲངས་མེད་གཏོར་ཀྱང་མྱོང་། ཡིན་ཡང་ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དང་མི་རིགས་ལ་བཅངས་པའི་ལ་རྒྱའི་སེམས་ཤུགས། དཀའ་བ་སྟོང་དང་དགའ་བ་འབུམ་གྱིས་གོམ་ཁ་རེ་རེ་མདུན་དུ་བསྐྱོད་དེ་ལོ་ངོ་སུམ་ཅུའི་ལང་ཚོ་རྒྱས། དེ་བས་ཁྱེད་ཀྱི་ལོ་རྒྱུས་གོ་ལ་ཟླུམ་པོའི་ཡང་སྟེང་ན་འབྲུག་སྒྲ་ལྟར་གྲག་ཅིང་རྦ་རླབས་བཞིན་ལྷོག་ལྷོག་ཏུ་འཕྱོ། ཉི་རྡུལ་ལྟར་ལམ་ལམ་དུ་འཚེར་གྱིན་འདུག་པས་ཁྱེད་ཀྱི་རྣམ་དཔྱོད་དེ་ལ་སུ་ཞིག་གིས་ཡིད་སྨོན་མི་འཆོར་རམ། ཐུན་མིན་གྱི་བསམ་བློ་དེ་ལ་སུས་ཡི་རང་མི་བྱེད།

ཀྱེ་ཀྱེ།  མ་ཡུམ་ལགས། ཉོན་དང་། ཤ་དར་ཁྲག་དར་གྱི་གངས་ཅན་གཞོན་ནུ་མང་བོ་ཞིག་གིས་སྙིང་གཏམ་ཚོན་པོ་རུམ་གང་ཁྱེར་ནས་དགའ་སྤྲོའི་མདངས་ཤིག་གདོང་ལ་མངོན་ཏེ་ཀ་མད་སུམ་ཅུའི་དབྱངས་རྟ་སྙན་མོས་ཁྱེད་ཀྱི་བསམ་སྤྱོད་འབུར་ཚུགས་སུ་དོད་པའི་གཟི་བརྗིད་ལ་བསྟོད་བསྔགས་བྱེད་ཀྱིན་ཡོད། ལྟོས་དང་། ལང་ཚོའི་ཁོ་ལག་རྒྱས་པའི་བསིལ་ལྗོངས་མཛེས་མ་གང་མང་ཞིག་གིས་ལྡེམ་མྱུར་འཁྱུག་རྩལ་མངོན་དེ་ཁྱེད་ཀྱི་བགྲང་བྱ་སུམ་ཅུའི་དགའ་སྟོན་ལ་རྟེན་འབྲེལ་ཞུ་བ་དེ་ཁྱེད་ཀྱི་མཐོང་ཨེ་བྱུང་། དེ་དག་ཚང་མ་ཁྱེད་ཀྱི་བུ་རབས་ཚ་རྒྱུད་ཡིན་ལ་ཁྱེད་ཀྱི་བདག་པོ་ངོ་མ་དང་རྒྱུད་འཛིན་རྣལ་མའང་ཡིན། ལྷག་པར་དུ། དཔྱོད་ཤེས་མཁྱེན་རྒྱ་ཡངས་བའི་རིག་པའི་དཔའ་བོ་སྟེ་བཤེས་གཉེན་དམ་པ་རྣམས་ཀྱིས་ཁྱེད་ཀྱི་འགྲན་དུ་མེད་ཅིང་དཔག་དུ་མེད་པའི་ལོ་རྒྱུས་དེ་དག་ཤར་ལྷོ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་སྤེལ་གཏོང་གིན་འདུག

ཀྱེ་ཀྱེ།  མ་ཡུམ་ལགས། ཁྱེད་ནི་ངའི་མདུན་ལམ་ལ་འོད་སྣང་བསྩལ་མཁན་གྱི་ཤེས་ལྡན་པ་དེ་ཡིན་ལ་གངས་ཕྲུག་སྟོང་གི་ལས་དབང་ལ་བཅོས་སྒྱུར་བྱེད་མཁན་གྱི་དེད་དཔོན་དེའང་ཡིན། ད་དུང་རྣམ་ཤེས་ཕྲ་མོའི་མཆོང་ལྡིང་བྱེད་སའི་ཁྱིམ་གཞི་སྨུག་པོ་དེའང་ཡིན་ལ། གངས་ཅན་གྱི་གཞོན་ནུ་ཚོའི་ཚེ་སྲོག་གི་རྣམ་ཤེས་གཏམས་སའང་ཁྱེད་ཡིན།

མ་ཡུམ་ལགས། ཁྱེད་རང་ནམ་ཡང་འཇིགས་མེད་ཁྲི་ལོར་བརྟན་པར་ཤོག གོ་ལ་ཟླུམ་པོའི་དབྱངས་རྟ་མ་ཆད་བར་དུ་དུས་ནམ་ཡང་ཁྱེད་ལ་ཁྲི་ལོར་ཤོག

  • ལེ་ཚན་སྔོན་མ།:ཉིན་ཐོ།
  • ལེ་ཚན་རྗེས་མ།:ཁོ་བོའི་ཟིན་བྲིས་ལས་གཞོན་ནུ་མ་ཞིག