འཇམ་དབྱངས་མཁྱེན་བརྩེ་དབང་པོ།

        2011-05-24

རྗེ་འདི་ཉིད་ལ་ཡོངས་གྲགས་སུ་རྫོང་གསར་མཁྱེན་བརྩེའམ་དིལ་མགོ་མཁྱེན་བརྩེ་དང་།པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་མཚན་གྱི་རྣམ་གྲངས་འགའ་མཆིས།རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་(1820)ལོའི་བོད་ཟླ་དྲུག་པའི་ཚེས་ལྔ་ལ་མདོ་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་ཉེ་འདབས་སུ་ཡབ་རིན་ཆེན་རྣམ་རྒྱལ་དང་ཡུན་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས།དགུང་ལོ་བཞི་ལྔ་ཙམ་ནས་ཡི་གེ་འབྲི་ཀློག་ལ་སྦྱངས་པས་ཚེགས་མེད་དུ་མཁྱེན།དགུང་ལོ་བཅུ་གཉིས་ཐོག་ཨེ་ཝ་ཐར་པ་རྩེའི་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་དུ་ངོས་བཟུང་།མཚན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ།དགུང་ལོ་ཉེར་གཅིག་པར་སྨིན་གླིང་མཁན་ཆེན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས།སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་དང་།ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ།ས་སྐྱ་པ་རྡོ་རྗེ་རིན་ཆེན་སོགས་ས་དགེ་བཀའ་རྙིང་གི་བླ་མ་སྐྱེས་བུ་དམ་པ་དང་།རིག་པའི་གནས་ལ་བྱང་ཆུབ་པའི་མཁས་དབང་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་མཐའ་དག་སྦྱངས་པ་དཔྱིས་ཕྱིན་མཛད།སྔ་འགྱུར་རྙིང་མའི་བཀའ་གཏེར་དག་སྣང་གི་ཆོས་བཀའ་རྣམས་དང་།བཀའ་གདམས་གསར་རྙིང་གི་ལྷ་ཆོས་གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལས་བྱོན་ཅིང་ས་ངོར་མཚར་གསུམ་སོགས་སུ་བརྒྱུད་པའི་ལམ་འབྲས་བུ་དང་བཅས་པའི་གདམས་ངག  བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་བཅས་བཀའ་བཞི་བརྒྱུད་པའི་མན་ངག དཔལ་ལྡན་ཤངས་པ་བཀའ་བརྒྱུད་ཀྱི་ནི་གུའི་གསེར་ཆོས།དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ་སོགས་གངས་ཅན་ལྗོངས་སུ་མན་ངག་གཙོ་བོར་བྱེད་པ།སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དུ་གྲགས་པ་དེ་དག་གི་དབང་ལུང་ཁྲིད་དང་བཅས་པ་ཐུགས་ལ་གཏམས།
དེ་བཞིན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་།རྙིང་མ་རྒྱུད་འབུམ།བསྟན་འགྱུར་སོགས་ཀྱིས་གཙོས་འཕགས་བོད་རིས་མེད་ཀྱི་གསུང་ཆོས་ཡོངས་བསྡོམས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་མཐའ་དག་གསན་བཞེས་མཛད།མདོར་ན།གསང་སྔགས་གསར་རྙིང་དང་།ས་གཏེར།ཡང་གཏེར།དགོངས་གཏེར།རྗེས་དྲན།དག་སྣང་།སྙན་བརྒྱུད་བཅས་བཀའ་བབ་བདུན་དང་ལྡན་ཞིང་།རྙིང་མ་དང་།བཀའ་གདམས།ལམ་འབྲས།མར་པ་བཀའ་བརྒྱུད།ཤངས་ཆོས།ཞི་གཅོད་རྡོ་རྗེའི་རྣལ་འབྱོར།བསྙེན་སྒྲུབ་བཅས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་རིང་ལུགས་གསལ་བར་མཛད་པའི་དཔེ་གཞུང་དང་།སྒྲ།སྙན་ངག གསོ་རིག་སྐོར་སོགས་ཀྱི་གསུང་རྩོམ་པར་དུ་འཁོད་པ་གླེགས་བམ་བཅུ་གསུམ་བཞུགས་ཤིང་།ཞལ་སློབ་ཀྱང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ།ས་སྐྱ་ཁྲི་ཆེན་བཀྲ་ཤིས་རིན་ཆེན།ན་ལེཎྡྲའི་གཟིམས་འོག རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ།སི་ཏུ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ།སྟག་ལུང་པ་རིན་པོ་ཆེ་དཀོན་མཆོག་བསྟན་པར་རབ་རྒྱས།བྲག་གཡབ་ནོ་མི་ཧན་སོགས་ས་བཀའ་རྙིང་གསུམ་དང་དགེ་ལུགས་པ།གཡུང་དྲུང་བོན་གྱི་བསྟན་པ་འཛིན་པ་སོགས་མཁས་གྲུབ་བསྟན་འཛིན་གྱི་སྐྱེས་བུ་གྲངས་ལས་འདས་པ་བྱོན།གཞན་ཡང་སྐུ་གསུང་ཐུགས་རྟེན་བརྒྱ་ཕྲག་ལྷག་དང་།དེ་དག་བཞུགས་སུ་གསོལ་བའི་ལྷ་ཁང་ཆེ་ཆུང་སུམ་ཅུ་སྐོར་གསར་བཞེངས་མཛད་པ་སོགས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་འབའ་ཞིག་ལ་གཞོལ་ནས་རླབས་ཆེན་གྱི་མཛད་པ་རེ་ཞིག་མཐར་སོན་ཏེ་དགུང་གྲངས་དོན་གསུམ་བཞེས་པ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག(1892)ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་གཅིག་ཉིན་སྐུ་མྱ་ངན་ལས་འདས།(རྩོམ་སྒྲིག་པ་བདེ་ཆེན་དབང་མོ།)
  • ལེ་ཚན་སྔོན་མ།:འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ།
  • ལེ་ཚན་རྗེས་མ།: རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།