བོད་ཀྱི་ལོ་རྒྱུས་སུ“ཁེར་བརྒྱད”ཅེས་པ།

    དུང་དཀར་ཚིག་མཛོད་ཆེན་མོ།    2019-12-26

བོད་ཀྱི་བཙན་པོའི་དུས་སྐབས་སུ་དམག་དཔོན་བརྒྱད་ཀྱི་སྡིག་སྦྱོངས་སུ་བཞེངས་པའི་གཙུག་ལག་ཁང་བརྒྱད་ལ་ཟེར། དེ་ཡང་གཙུག་ལག་ཁང་བརྒྱད་བཞེངས་པ་ལ་བརྟེན་ནས་སྡིག་པ་ཐམས་ཅད་ཁེར་བས་ན་ཁེར་བརྒྱད་དེ། ༡.གཉེར་སྟག་བཙན་ལྡོང་གཟིགས་ཀྱིས་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ་གླིང་གི་ཁྲི་རྩེའི་གཙུག་ལག་ཁང་བཞེངས། ༢.པ་ཚབ་སྟོང་པ་དང་སྟོང་འབྱམས་གཉིས་ཀྱིས་འབྱམས་སྟོད་ཀྱི་འཁར་བཞི་བཅོམ་པའི་སྡིག་སྦྱོངས་སུ་མནྡྷ་ར་བའི་གཙུག་ལག་ཁང་བཞེངས། ༣.འབྲོ་འཁྲི་སུམ་རྗེ་སྟག་སྣང་གིས་ཞང་པོ་རྒྱ་ལ་དམག་དྲངས་པའི་སྡིག་སྦྱོངས་སུ་བྲག་དམར་ཀ་ཆུའི་གཙུག་ལག་ཁང་བཞེངས། ༤.ཅོག་རོ་སྐྱེས་བཟང་རྒྱལ་འགོང་གིས་དམེ་བྱས་པའི་སྡིག་སྦྱོངས་སུ་མཁར་སྟོད་གནམ་རུའི་གཙུག་ལག་ཁང་བཞེངས། ༥.ཁྱུང་པོ་སྤུ་སྟངས་རིང་པོས་ཧོར་གྱི་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་ལུམ་པའི་གཙུག་ལག་ཁང་བཞེངས། ༦.རྒྱ་རོ་ལོང་གཟིགས་ཀྱིས་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་སྟོད་ལུང་མོང་ཏྲའི་ལྷ་ཁང་བཞེངས། ༧.ལྕེ་ཁྲི་བཟང་ལྷ་སྦྱིན་གྱིས་དམག་དཔོན་བྱས་པའི་སྡིག་སྦྱོངས་སུ་རྩིས་ཀྱི་ལྷ་ཁང་བཞེངས། ༨.སྦས་རྒྱ་ཏོ་རེ་སྟག་སྣང་གིས་བྲན་ཀ་དཔལ་གྱི་ཡོན་ཏན་ལ་མ་ཉེས་པའི་བཀྱོན་ཕབ་པའི་སྡིག་སྦྱོངས་སུ་ཁྲོམ་སྣ་ལྷ་ལུང་སྒོ་སྲུང་བཞེངས་པའོ། །


  • ལེ་ཚན་སྔོན་མ།:བོད་ཀྱི་ཁྲི་རྩེ་འབུམ་བཞེར་གྱི་ཁྲིམས།
  • ལེ་ཚན་རྗེས་མ།: ཁམས་ཉག་ཆུ་རྫོང་གི་བེ་རི་ཨོ་ཐོག་དཔོན་རྒྱུད་དང་མགོ་ལོག་བར་གྱི་ལོ་རྒྱུས་རགས་ཙམ་གླེང་བ།