སྦྲང་མ།

ནོར་རྒྱུན་ལྷ་མོ།        2019-12-25

 ང་ནི་གཤོག་རྩལ་རྒྱས་བཞིན་པའི་སྦྲང་མ་ཆུང་ཆུང་ཞིག་ཡིན།  དཔྱིད་དཔལ་འཛུམ་སོང་། དཔྱིད་ཀྱི་དཔལ་མོ་རི་ཐང་མེད་པར་དགོད་བཞིན་འཚེར། རླུང་འཇམ་བསིལ་བུ་ཨ་མའི་ཕྱག་སོར་བཞིན་འཇམ་ལྷོད་ལྷོད་ཀྱིས་རྒྱུ་བའི་འགྲོས་སུ། ཉི་འོད་དྲོན་པོ་ཞིག་སྣུམ་གོར་གོར་གྱི་ངའི་ངོ་གདོང་དུ་རིན་མེད་ཀྱིས་གཟིགས་འབུལ་གྱི་ཚུལ་དུ་བཤམས། དེ་ལྟར་དཔྱིད་དཔལ་གྱིས་ང་ལ་བདེ་སྐྱིད་ཚད་མེད་ཅིག་རིམ་གྱིས་བསྐྲུན།

དྲང་མོ་བཤད་ན་ང་ནི་བསམ་མེད་ཅིག་ཡིན། ང་དང་ངའི་ཕུ་ནུའི་ཚོགས་ཨ་མས་བཙས་ནས་ཡུན་རིང་མ་སོང་གོང་སྦྲང་གྲལ་ལ་ཚུད་ཙམ་པར་སྙམ་ནས་ཨ་མའི་རྐང་རྗེས་བསྙེག་འགོ་བརྩམས་ཀྱང་། ང་ལ་གཤོག་པ་ཐོགས་མེད་པས། ཅི་དགར་བསྐྱོད་མ་ཐུབ་པར་ལོགས་སུ་ལུས། དེ་ནས་དེ་ནས་དུས་ཚོད་ངེས་ཅན་ཞིག་འདས་རྗེས། ངའི་སྒལ་བར་རབ་ཏུ་ཕྲ་བའི་གཤོག་པ་ཆུང་ངུ་གཉིས་སྐྱེས་ཤིང་། ང་རང་ས་ངོས་ནས་ཅུང་ཙམ་འཕགས་པའི་ཚུལ་ཙམ་བྱས། དེའི་

རྗེས་སུ་ཉིན་འགའ་འགོར་རྗེས་ངའི་གཤོག་པ་ཅུང་མཉེན་པོ་དེ་སྔོན་དང་བསྡུར་ན་ལུས་བོངས་དང་མཉམ་པར་གཉོམ་ལག་རྒྱས།

ང་རང་ལག་ཆགས་འདུག རེད་དེ་ང་རང་མེ་ཏོག་ལྡུམ་རའི་ཕྱི་སྒོ་ཙམ་དང་། སྦྲང་ཆུང་ཚོགས་སུ་འཕུར་ལྡིང་རེ་འགའ་ཙམ་དང་མེ་ཏོག་གི་འགྲམ་དུ་འཕུར་ལྡིང་ཙག་ཙིག་ལས། སྦྲང་རྩིའི་འཚོ་བཅུད་སྡུད་པའི་ཟིལ་མངར་རོལ་ཤེས་ཀྱིན་མེད། རེད་དེ། སྦྲང་དཔོན་གྱི་འབོད་སྐུལ་འོག་སྦྲང་གཞོན་དག་གིས་ཀྱང་སྦྲང་རྩིའི་བཅུད་བསྡུ་དགོས་པའི་ཚུལ་བསྟན། སྦྲང་ཚང་ལ་དཔོན་གཡོག་དང་སྒྲིག་སྲོལ་མང་སྟབས་བཀའ་ལ་རྒོལ་བ་རྩོམ་མ་ཕོད།

ཐོག་མར་སྦྲང་ཕྲུག་གི་ཚོགས་ཁག་དང་ཚོགས་ཁག་བྱས་ཏེ། སྦྲང་དཔོན་གྱིས་སྣེ་ཁྲིད་འོག་མེ་ཏོག་གི་བདབ་བརྒྱ་ལྷུག་པོར་གྲོལ་ཡོད་ཅིང་དྲི་ཞིམ་གྱིས་ཕྱོགས་ཀུན་འཐུལ་སའི་སྐྱེད་ཚལ་ཞིག་ཏུ་གཞི་ཆགས་ནས། ཉིན་སྣེར་ཟླ་མཐུད་ཀྱིས་སྦྲང་ཚང་དང་རྒྱང་ཐག་རིང་བའི་ཡུལ་ལུང་གང་མང་བརྒལ། རིམ་གྱིས་སྦྲང་གཞོན་དག་ཀྱང་ནར་སོན་ནས་སྦྲང་དཔོན་དང་སྦྲང་བློན་གྱི་བཀའ་ལ་ཉན་ནས་རིམ་གྱིས་རྒྱང་ཐག་རིང་སར་སྦྲང་རྩི་འཚོལ་དུ་ཆས་སྲིད།

སྐབས་དེ་དུས། ངས་གཞི་ནས་ང་རང་ལག་ཆགས་འདུག་པ་རྟོགས། རང་གི་འགན་འཁྲི་དང་རང་གི་རིན་ཐང་ཡང་གཟོད་ནས་ཤེས། གློ་བུར་དུ་རང་གིས་རང་ལ་ང་ལ་གཤོག་རྩལ་རྒྱས་དགོས། ངས་ངར་ཤུགས་ཡོད་ཚད་གཤོག་རྩལ་ལ་བསྒྱུར་དགོས་ཞེས་སྙིང་ཕུར་བརྡབས། རྒྱ་མཚན་ངས་སྦྲང་མའི་ཚོགས་ལ་སྲུང་སྐྱོབ་དང་འགལ་རྐྱེན་ཟློག་དགོས་ཞེས་སྐད་གསང་མཐོན་པོས་བོས་དེ་མཆུ་ཏོ་མེ་ཏོག་གི་ཟེའུ་འབྲུའི་རྩ་བར་བཙུགས་ཏེ། རོ་མངར་ལྡན་པའི་འཚོ་བཅུད་ཡོད་ཚད་ཧུབ་ཀྱིས་འཇུབ་འགོ་བརྩམས།

  • ལེ་ཚན་སྔོན་མ།:ནེ་ཙོ་ཆུང་ཆུང་།
  • ལེ་ཚན་རྗེས་མ།:ཉིན་ཐོ།