ཟབ་གསང་གཏེར་གྱི་ཀློང་མཛོད་ལས་སྤྱན་དྲངས་བའི་གླིང་རྗེ་གེ་སར།

ཞི་ཆུང་།        2010-08-25

གསེར་རྟའི་རྫོང་སྙན་ལུང་ཤང་འབྲོག་མི་ལེགས་སྨོན་གྱི་ཁྱིམ་ནས་སྒྲུང་ཡིག་ལག་བྲིས་མ་ཞིག་གསར་དུ་མཐོང་། སྒྲུང་ཡིག་དེ་ཁ་ཚང་ཞིང་ཁྱོན་ཤོག་ལྷེ་བརྒྱ་དང་དགུ་བཅུ་ལྷག་ཡོད། རྗོད་བྱེད་ངོ་མཚར་ཚིག་གིས་བརྒྱན་ལ་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ། དེར་བོད་ཀྱི་བསྟན་བཅོས་ལུགས་སྲོལ་ལྟར། འགོ་ན་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། བར་དུ་བརྩམས་གཞུང་དངོས་འཇུག་པ། མཇུག་ཏུ་ཤིས་བརྗོད་ལྡན་པར་མ་ཟད། གཏེར་ཆོས་ཀྱི་ཁྱད་ཆོས་ལྟར་སྒྲུང་ཡིག་དེའི་མགོ་ནས་བཟུང་བར་མཚམས་འགར་བརྡ་ཡིག་འཇུག་གོ་སྒྲུང་གི་གླུ་ཚིག་ཀྱང་སྒྲུང་གཞན་དང་མི་འདྲ་བས། ཚེག་བར་བརྒྱད་དང་ཚེག་བར་དགུ་ཡང་ན་ཚེག་བར་ལྔ་སོགས་ཡོད་ལ། འོད་གསལ་རྫོགས་པ་ཆེན་པོའི་ལྟ་བས་བརྒྱན་པར་མཆིས་སྙམ། སླར་སྒྲུང་ཡིག་འདིའི་ཟུར་བཀོད་དུ་ཡིག་འབྲུ་ཁྲི་ཡན་ཆོད་དུ་སྔར་བྱོན་སངས་རྒྱས་ཀྱི་ལུང་དྲངས་ནས། འཛམ་གླིང་གསེར་རྫོང་གི་བྱུང་བ་དང་རྫོང་དེ་ཕབ་པའི་དགོས་ཆེད་སོགས་རྒྱས་པར་གསུངས་པ། དེ་ཡང་སྒྲུང་ཡིག་གཞན་དག་ཏུ་མཐོང་མ་མྱོང་པ་ཞིག་རེད་སྙམ།
     སྒྲུང་ཡིག་འདིའི་བདག་པོས་བཤད་པ་ལྟར་ན། དེ་ནི་ལོ་ཉི་ཤུ་ལྷག་གི་སྔོན་དུ། སྙན་ལུང་ཤང་གི་སྟོང་དཔོན་བླ་མ་གསང་སྒྲུབ་མཆོག་གིས་མ་མཁའ་འགྲོའི་གཏེར་ལས་མཐིང་སྒྲོམ་ཤོག་སེར་བརྡ་ཡིག་ལས་ཕབ་བོ། །བརྡ་འབབ་སྐབས་ཁོང་གིས་འཛམ་གླིང་གསེར་རྫོང་ངག་ཐོག་ནས་གཙང་བོའི་རྒྱུན་བཞིན་འཆད་ལ། ཟུར་དུ་ཡིག་མཁན་གཅིག་གིས་འབྲི་དགོས་ཅེས་ཟེར། འདི་ནི་དེང་སང་གེ་སར་འཁས་པ་ལ་ལས་སྨྲས་པའི་གེ་སར་སྒྲུང་ལ་དབྱེ་ན།  ཐོས་སྒྲུང་། པྲ་སྒྲུང་། འབབ་སྒྲུང་། གཏེར་སྒྲུང་སོགས་ཀྱི་གཏེར་སྒྲུང་གི་ཁོངས་སུ་གཏོགས་པ་གོར་མ་ཆག  སྤྱིར་ཟབ་གསང་མཁའ་འགྲོའི་བརྡ། ཡང་ན་རྫས་གཏེར། དགོངས་གཏེར། བླ་གཏེར་སོགས་མང་ཙམ་ཡོད་ལ། དེ་དག་གི་རྒྱུ་རྐྱེན་རྟེན་འབྲེལ་སོགས་འཁོས་ཆུང་བདག་ལ་འོལ་ཚོད་ཀྱིས་ལབ་པའི་སྤོབས་པ་མ་མཆིས།  གང་ལྟར་རུང་དོན་འདི་མངོན་སུམ་ཚད་མར་གནས་པ་གདོན་མི་ཟ། །
  • ལེ་ཚན་སྔོན་མ།:གུར་ནག་རྩེ་རྒྱལ།
  • ལེ་ཚན་རྗེས་མ།: མོན་གླིང་གཡུལ་འགྱེད།