ནེ་ཙོ་ཆུང་ཆུང་།

རིག་འཛིན་སྒྲོལ་མ།        2019-12-25

ངེད་ཚང་གིས་ནེ་ཙོ་ཆུང་ཆུང་གཉིས་གསོས་ཡོད། དེའི་བཟོ་ལྟ་ནི་ཧ་ལམ་མཆིལ་བ་ཆུང་ཆུང་ཞིག་དང་འདྲ་ཞིང་། ཁ་གྲག་ཚེ་མཆིལ་བ་ཆུང་ཆུང་གི་སྐད་དང་ཕལ་ཆེར་འདྲ་ནའང་སྙན་མོ་ཞིག་མིན། ཡིན་ནའང་ནེ་ཙོའི་ལུས་ལ་ཧ་ཅང་མཛེས་པའི་སྒྲོ་སྤུ་སྐྱེས་ཡོད་ཅིང་། སྒལ་བ་ལྗང་ཁུ་དང་མགོ་སེར་བོ་ཡིན། བྲང་ཁ་ལྗང་སྐྱ་ཡིན་ལ་ཕྲ་ཞིང་རིང་བའི་རྔ་སྒྲོ་ནི་སྔོ་སྐྱ་ཡིན། གཤོག་པ་སེར་བོའི་ཐོག་ཏུ་ལྗང་མདོག་གི་ཐིག་རིས་ཡོད་པ་དང་དེ་ནི་ངོ་མ་ཡག་པོ་ཞིག་ཡིན། ནེ་ཙོ་ཆུང་ཆུང་གི་མིག་གཉིས་སྲན་མ་ལྟར་ཆུང་ལ། མཆུ་ནི་དམར་ཞིང་ནང་དུ་གུག་ཡོད་པ་དང་མཆུ་ཏོའི་ཐོག་གི་འབུར་བོ་གཉིས་ནི་སྣ་ཁུང་ཆུང་ཆུང་གཉིས་ཡིན། སུག་པ་ཕྲ་ཞིང་རིང་བ་དང་དེའི་སྡེར་མོ་རྣོ་ཞིང་གུག་ཡོད་པ་རེད།

ནེ་ཙོ་ཆུང་ཆུང་ནི་འབྲས་བཟའ་རྒྱུར་ཧ་ཅང་དགའ་ཞིང་འབྲས་ཟ་སྐབས་ཐྲག་ཐྲག་ཅེས་སྒྲ་ཆུང་ངུ་ཞིག་གྲག་པ་དེ་ནི་བྱིས་པ་ཞིག་གིས་ཀ་ར་ཟ་བ་དང་འདྲ་བས་དགོད་བྲོ་བ་ཞིག་རེད།

ནམ་རྒྱུན་སློབ་གྲྭ་གྲོལ་ནས་ཡུལ་ལ་སླེབས་མ་ཐག་ཏུ་ནེ་ཙོ་ཆུང་ཆུང་གཉིས་ཀྱིས་ང་ལ་བལྟས་ནས་ཅ་ཅོ་སྒྲོག་པ་དང་། ངས་བསམ་པར་དེ་གཉིས་ཀྱིས་ང་ལ་རྒུམ་བུ་སྟེར་རོགས་དང་། ཡང་ན་ང་ཕྱི་རོལ་ཏུ་རྩེ་རུ་གཏང་རོགས་ཞེས་བཤད་པ་ཁོ་ཐག་རེད་སྙམ།

  • ལེ་ཚན་སྔོན་མ།:​ཨ་མའི་བྱམས་བརྩེ།
  • ལེ་ཚན་རྗེས་མ།:སྦྲང་མ།