​ཟོལ་མེད་སྙིང་ན་འཛུམ་པའི་རི་མོ།

བྲན།        2019-12-23

འདི་ནས་རྒྱང་ལ་བསྐུར་བའི་སྤྲིངས་ཡིག་གི་འདུ་འགོད།།

སྟོན་ལ་མོན་དུ་ཆས་པའི་ཁྲུང་ཁྲུང་གི་ཁྱུ་ཚོགས།།

དཔྱིད་ཀྱི་རྒྱལ་མོས་བསུས་པའི་སྤྲིངས་ཡིག་གི་ལན་ཚོགས།།

ཁྱོད་ཀྱི་སྙན་འགྱུར་དབྱངས་ཀྱི་མཆོད་སྤྲིན་ལ་བསྡེབས་ཡོད།།


སྐད་ཅིག་མི་སྡོད་དུས་ཀྱི་རྟ་མཆོག་ལ་བཅིབས་ནས།།

ས་ཆེན་གོམ་གྱིས་འཇལ་ནས་ཡར་ཕྱོགས་ལ་འོངས་ཏེ།།

ཉི་མ་ལྷ་སའི་གྲོང་གི་པོ་ཏཱ་ལའི་མདུན་ནས།།

རེ་བའི་སྐྱབས་མཇུག་ཁྱོད་ཀྱི་སྙན་ལམ་ལ་ཞུས་ཡོད།།


ཕུགས་བསམ་འོད་དུ་བསྒྲོན་ནས་ཟླ་གདོང་ལ་ཅེར་ཏེ།།

ལྷིང་འཇགས་ལྷ་སའི་གྲོང་ནས་ཕར་ཕྱོགས་ལ་བལྟས་ན།།

ཁྱོད་ཀྱི་དྲུང་ལ་འབྱོར་བའི་ལས་སྐལ་དེ་རིང་བས།།

ཁྱོད་ཀྱི་འཛུམ་ཞལ་ང་ཡི་སྙིང་ཁོང་ལ་བསྒོམས་ཡོད།།


གོམ་ཁ་ལྷོད་པོ་རང་གི་ཕ་ཡུལ་ལ་བསྒྱུར་ཀྱང་།།

ནང་གི་སེམས་པ་ཁྱོད་ཀྱི་སྐུ་དྲུང་ལ་ཆས་ཡོད།།

ལུས་སེམས་སོ་སོར་བྲལ་བའི་བེམ་པོ་ཡི་གཟུགས་འདི།།

ད་ལྟ་བསམ་ན་ཤི་མིན་རོ་མིན་ལ་གྱུར་འདུག།


གདོད་མའི་གླུ་སྐད་སྟོང་གིས་ཡིད་སེམས་ཀྱང་བཀུག་ནས།།

མི་ལའི་མགུར་གླུ་རིང་མོ་ཤུགས་གླུ་རུ་བསྒོམས་ཏེ།།

སྙིང་ཁྲག་དྲོན་མོ་མཁའ་འགྲོའི་ཚོགས་མཆོད་དུ་ཕུལ་བ།།

ཁྱོད་ཀྱི་ཐུགས་ཡིད་དགྱེས་པའི་མཆོད་སྤྲིན་ཙམ་ཡིན་ནོ།།


འདི་ནས་གང་སྣང་བདེན་པའི་ས་བོན་དུ་བརླམས་ཏེ།།

གྲུབ་རྟགས་རི་མོར་བཀོད་པའི་ཟློས་གར་གྱི་ཀློང་ནས།།

བླ་ཚེ་སྲོག་གསུམ་འགུགས་པའི་རོལ་དབྱངས་ཤིག་དཀྲོལ་བ།།

ལག་རྗེས་བྲག་ལ་བཞག་པའི་འཁྲུལ་བ་དེ་མ་ཡིན།།


མི་བདེན་འཁྲུལ་བའི་ཆོས་ཀྱི་ཀློང་རིམ་ལ་ཆགས་པའི།།

མི་དང་མི་མིན་བསླུ་བའི་མཛད་པ་དེ་མ་སྟོན།།

འཕྲལ་ཕུགས་འདུན་མ་བཅོལ་བའི་ནུས་མེད་ཀྱི་བུ་ལ།།

ཆོས་དབྱིངས་ངང་ལས་འཛུམ་པའི་ཞས་རས་དེ་སྟོན་རོགས།།


ཡོད་མེད་མཐའ་རུ་ལྷུང་བའི་མཚོ་ཆེན་ལས་གྲོལ་ཏེ།།

མཐའ་མེད་ཐང་ཆེན་འགྲིམས་པའི་སྐལ་བཟང་ཞིག་བྱུང་ན།།

དོན་དམ་རིག་པའི་རྒྱལ་བོ་རྟེན་འབྲེལ་རང་རྟོགས་ནས།།

ཡོད་ཚད་འོད་གསལ་ཆོས་ཀྱི་ངོ་བོ་ལ་བསྒྱུར་ཆོག།


ཞེན་ཆགས་ཤོག་ཧྲུལ་དཀར་པོ་མེ་ནང་དུ་བསྲེགས་ཤིང་།།

གང་སྣང་བློ་ཡི་རྡུལ་ཚོགས་གྲལ་དག་ཅིག་ཕྱིས་ན།།

དམ་ཚིག་དཔག་བསམ་ལྗོན་པའི་གྲིབ་བསིལ་གྱི་འོག་ནས།།

ངེས་འབྱུང་ཨུཏྤལ་འཛུམ་ལ་ཐེ་ཚོམ་རང་ཅི་ཡོད།།


ཡིད་འོང་ལང་ཚོས་སྒེག་པའི་མཛེས་སྡུག་གི་ལྷ་མོ།།

ངག་རིག་མེ་ཏོག་གཏོར་བའི་དབྱངས་མཁན་དེ་ཡིན་པས།།

སྒྱུ་འཕྲུལ་འཇའ་ཡི་གུར་ཁང་ཁྲི་བརྩེགས་ཀྱི་དབུས་ནས།།

སྲིད་པའི་ལྷ་དར་ཁྱོད་ཀྱི་སྐུ་དྲུང་ལ་འཐེན་ཡོད།།


གངས་རིའི་གཟི་མདངས་འགྱུར་བའི་སྣང་ཚུལ་ལ་བསམས་ནས།།

རྩོམ་རིག་བྱུ་རུའི་དོ་ཤལ་མགུལ་རྒྱན་དུ་སྒྲོན་པའི།།

རེ་བཞག་ཕུགས་བསམ་ཅན་གྱི་གངས་ཕྲུག་གི་དཔུང་ཚོགས།།

མདུན་ནས་མདུན་དུ་བསྐྱོད་པའི་སྤོབས་པ་དེ་མི་ཞུམ།།


ན་གཞོན་ལང་ཚོའི་མེ་ཏོག་དུས་གཅིག་ཏུ་བཞད་དེ།།

སྙིང་གི་ཆུ་བོ་མ་ལུས་དཀྱུས་གཅིག་ཏུ་འདྲེས་པའི།།

འདྲེས་འདྲེས་སྙིང་གྲོགས་སེམས་ཀྱི་ན་ཆུང་གི་ཚོགས་འདི།།

ཕ་ཡུལ་རྩེ་གཞུང་གཡང་གི་ར་བ་ནས་འཛོམས་སོང་།།


ཡུལ་ཚོའི་འགོ་བའི་བློ་བསམ་ཉི་འོད་ཀྱི་དྲོད་ཀྱིས།།

རྩོམ་རིག་སྒྱུ་རྩལ་མེ་ཏོག་དགའ་ཚལ་ཞིག་བསྐྲུན་པས།།

བློ་གསལ་གཞོན་ནུ་རྐང་བ་དྲུག་པ་ཡི་ཚོགས་འདི།།

སྤྲོ་བའི་འཛུམ་མདངས་གྱི་ལེར་སྙན་ཚིག་ཅིག་སྤེལ་ཡོད།།

  • ལེ་ཚན་སྔོན་མ།:ཀ་ཁའི་མཆོད་དབྱངས།
  • ལེ་ཚན་རྗེས་མ།:སེམས་ལ་ཁ་བ་བབས་པ།