ཉི་མའི་འཁོར་བསྐྱོད་ཀྱི་དབང་གིས།

བྲན།        2019-12-20

    དྲོད་འཇམ་གྱི་ཉི་ཟེར་སྒེའུ་ཁུང་ལས་འཕྲོས་ཏེ་ཅོག་ཙེ་ཡི་སྟེང་ལ་ཕོག་འདུག སྐབས་དེར་སློབ་ཐུན་གསུམ་པ་འཚོགས། ངས་རང་ཉིད་དགེ་རྒན་ཞིག་ཡིན་མདོག་ཁུལ་གྱིས་དཔེ་དེབ་གསར་བ་ཞིག་ལག་ཏུ་བཟུང་ནས་སློབ་ཁང་དུ་འཛུལ་མ་ཐག སློབ་ཕྲུག་ཚོ་ཡར་ལངས་ཏེ་དབྱངས་གཅིག་མགྲིག་གཅིག་གིས“དགེ་རྒན་བཟང”ཞེས་པའི་འུར་སྒྲ་དེའི་ས་གཞི་གཡོ་བའི་སྣང་ཚུལ་ཞིག་བྱུང་བ་དེ་ངས་རྣམ་རྟོག་ཙམ་ཞིག་ག་ལ་ཡིན། དུས་དེར་ང་ཡང་འཚབ་བེ་འཚུབ་བེར། ཅི་ཟེར་དགོས་པའང་མ་དྲན་པར་ཅུང་ཙམ་ལ་ཧད་དེ་བསྡད། སྐབས་དེར་སློབ་མ་ཚོས་མིག་རིག་རིག་བྱས་ཏེ་ངས་གདོང་ལ་ཅེར་འདུག་པར་བལྟས་ན། ངས་སྐད་ཆ་ཅི་བཤད་ལ་རེ་སྒུག་བྱས་འདུག་པ་འདྲ།

    ངས་ཚང་མར་དཀྱུས་གཅིག་ཏུ་དྲི་བ་རེ་འདྲི་ན་འདོད་བྱུང་།སྐབས་དེར་ཚང་མ་རྐུབ་སྟེགས་སུ་འདུག་ཏུ་བཅུག་རྗེས་ངས་ཚང་མར་འདི་ལྟར་དྲིས། ཁྱོད་ཚོས་ནང་ན་བོད་ཡིག་མི་ཤེས་མཁན་ཨེ་ཡོད་ཅེས་དྲིས་མ་ཐག “ཚང་མའི་ཁ་གཅིག་གྲག་གིས་མེད”ཅེས་པའི་ལན་བཏབ་པས་ཉེ་འཁོར་གྱི་རི་ལུང་ཐམས་ཅད་ཀྱི་ལྷིང་འཇགས་ཁེད་ཀྱིས་དཀྲོགས། དུས་དེར། ངས་དྲི་མའི་མ་གོས་པའི་བྱིས་པ་དེ་དག་ནི ❶ 《 ཞོགས་པའི་ཉི་ཟེར་དང་ལྷན་དུ་བཞད་པའི་ཁ་བའི་མེ་ཏོག 》 རེ་རེ་ཅི་ལ་མིན་སེམས་ཞོར། ཡ་བཟང་གི ཁྱེད་ཚོ“བོད་ཡིན་ནམ་སོག་པོ་ཡིན”ཞེས་དྲི་བ་སླ་མོ་ཞིག་བཏོན་པར། ཚང་མའི་ཕན་ཚུན་ལ་ཡང་མི་བལྟ་བར་བུ་མོ་གཅིག་གིས་མ་གཏོགས་སོག་པོ་ཡིན་ཟེར། བུ་མོ་དེའི་མིང་ལ་གངས་ཅན་སྒྲོལ་མར་འབོད་ཅིང་།མོས་ང་རང་བོད་ཡིན་ཞེས་ཟེར། སློབ་གྲོགས་ཚོས་ཀུ་རེ་ཡི་ཚུལ་དུ་མོ་ལ་ནམ་རྒྱུན་བོད་མོ་རྫུན་མར་འབོད་ཀྱིན་འདུག ཧ ཧ ཧ དགོད་བྲོ་བ་ལ།ཡ་ཡ་བཟང་གི“ཁྱོད་ཚོས་སོག་སྐད་དང་སོག་ཡིག་ཨེ་ཤེས་ཞེས་དྲིས་མ་ཐག་ཏུ། ཚང་མའི“ མི་ཤེས་ཟེར”ཞོར་སྔར་བཞིན་ངས་གདོང་ལ་ཅེར་འདུག

    འོ་ན། ཁྱེད་ཚོས་སོག་སྐད་དང་སོག་ཡིག་མི་ཤེས་ན་སོག་པོ་ཇི་ལྟར་ཡིན”ཞེས་ཡང་བསྐྱར་དྲི་བ་ཅིག་འདྲི་འགོ་བརྩམས་དུས། གོང་མདུད་ལ་ཚིལ་དྲག་ཆགས་ཤིང་ཡ་ཁ་སྣུབས་ཀྱིས་ཁེབས་པའི་བྱིས་པ་པྲ་ཚགས་དེའི་ལག་པ་གནམ་ལ་བཀྱགས་ཏེ། ང་སོག་པོ་ཡིན་ངའི་ཨ་ཕས་བཤད་ན་ངའི་རྒྱུད་པ་སོག་པོ་རེད་ཟེར། དེ་བས་ང་སོག་པོ་ཡིན་ཞེས་ཟེར།

    དེའི་གམ་གྱི་བུ་མོ་སྒྲོལ་མའི་ཚུགས་ཀར་བལྟས་ན་ཕལ་ཆེར་མོས་ཀྱང་རང་ཉིད་སོག་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན་མིན་ལ་བསམ་བློ་བཏང་གི་ཡོད་པ་འདྲ། ངས་ཁོ་མོར་ཁྱོད་སོག་པོ་ཡིན་ནམ་ཞེས་བྲིས་པ་ལ། མོས་མགོ་བོ་ནང་དུ་གུག་གུག་བྱས་པར་བལྟས་ན་ཡིན་པའི་བརྡ་ཞིག་བཏང་བྱུང་སྙམ། འོ་བུ་མོ་ཆུང་ཆུང“ཁྱོད་སོག་པོ་ནས་ཡིན་པ་ཁྱེད་ཀྱིས་ཨེ་ཤེས”ཞེས་པར། ཆེ་ཆུང་ཡོད་པའི་མིག་ཟུང་ཕྱེ་མ་བཙུམ་གྱིས། ལག་པ་གཉིས་ཀྱིས་ཞ་སྨྱུག་ཟད་པོ་ཞིག་སྣོག་ཞོར་དུ “ཨ་མས་བཤད་ན”སྔོན་ཆད་ཞིག་ལ་ལོ་ངོ་དུ་མར་གོང་མ་ཇིང་ཀར་རྒྱལ་བོས་དམག་སྣ་དྲངས་དེ་གཡུལ་འགྱེད་དུ་ཆས་དུས། ལོ་ལོན་འགའ་རེ་གནས་འདི་རུ་འགྲོ་མ་ཐུབ་པར་ལྷག་སོང་བས་དེ་དག་ནི། ད་ལྟ་འདི་རུ་ཡོད་པའི་ང་ཚོ་སོག་པོ་རྣམས་ཀྱི་མེས་པོ་ཡིན་པར་བཤད། ང་རང་ཨ་མ་ལ་ཡིད་ཆས་ཡོད་པས། མོས་བཤད་པ་མཐའ་དག་བདེན་ཚིག་ཤ་རྟག་ཏུ་འདོད་ཡོད་ཅེས་རང་ཉིད་ཀྱི་བཤད་པ་ཚང་མ་བདེན་པར་རློམ་གྱིན་འདུག ཚང་མས་ཐལ་མོ་བརྡབས་བྱུང་། ངས་འདི་ལྟར་མུ་མཐུད་དུ་སློབ་ཕྲུག་དག་ལ་དྲི་བ་འདྲི་འདོད་ཀྱི་འདུན་པ་དབྱར་གཞུང་གི་མེ་ཏོག་འཚོལ་བའི་གཡུ་སྦྲང་གཞོན་ནུ་ཞིག་དང་ཀུན་ནས་མཚུངས་མོད། རླུང་བུ་སྟོབས་ཀྱིས་གཡུག་ཏེ་མེ་ཏོག་གི་མགོ་ལྕོགས་རང་སར་འཐོར་བ་བཞིན། ཅོང་བརྡ་སིང་སིང་དུ་གྲགས་པས་སློབ་ཐུན་གསུམ་པ་མཇུག་རྫོགས་དེ་གུང་ཇ་འཐུང་རན་པས་སློབ་ཕྲུག་ཚོ་ཡང་རང་སར་ཞོགས་སོང་།

    མཁྱེན་དཔྱོད་ཡངས་པའི་ཀློག་པ་པོ་ལྷན་རྒྱས། ངས་གངས་ཅན་སྒྲོལ་མའི“བོད་ཡིན”ཟེར་བའི་གཏམ་རྒྱུད་དེ་དག་ཟིན་ཐོར་བཀོད་འདོད་ཡོད། སློབ་ཐུན་གསུམ་པ་དེ་འདི་ལྟར་གྲོལ་རྗེས། ང་སློབ་གྲྭ་དེ་དང་བྲལ་ནས་ཕྱིར་ཕ་ཡུལ་ལ་བུད་སོང་བས། གནས་སྐབས་གཏམ་རྒྱུད་འདིའི་མཇུག་འདི་ལྟར་མ་བསྡུ་ཐབས་མེད་རེད།

  • ལེ་ཚན་སྔོན་མ།:ཆུ་ཀླུང་།
  • ལེ་ཚན་རྗེས་མ།:​ཨ་མའི་བྱམས་བརྩེ།