རྩོམ་རྒོད་གཤོག་ཐོགས་མ། ༼ཞར་བཀོད་གསུམ།༽

མགར་ཐང་དཀར། མཚོ་ལྷོ།        2019-12-19

རྩོམ་རྒོད་གཤོག་ཐོགས་མ།


སྐད་ཀྱི་དྭངས་མ་ཆོད་པའི་ངག་གི་མཆོད་པ།།

ཡི་གེའི་བླ་སྲོག་སྲུང་བའི་བརྡ་ཡི་རྟེན་ཕུར།།

གཅིག་མཐུན་མདུད་པ་གྲོལ་བའི་འོད་ཀྱི་ཕུང་བོ།།

འཆར་སྒོ་གློག་ལྟར་མྱུར་བའི་སེམས་ལྡན་བྱེད་པོ།།

གཟུགས་ཅན་གཟུགས་སུ་མཐོང་བའི་རིག་པའི་བུ་ཆུང་།།

གཟུགས་མེད་སྣང་བར་རློམ་པའི་ཆོས་པའི་རྗེས་འཇུག།

ཇུས་ཐག་ཧྲིག་གེར་གཅོད་པའི་ཡང་སྤྲུལ་དམ་པ།།

ཇུས་རྔ་གནམ་ནས་རྡུང་བའི་སྤྲིན་པའི་དབུ་ལག།

རིག་ལམ་མེ་ལྟར་འབར་བའི་ཚན་མའི་བུ་ཆུང་།།

ཤེས་བྱ་གཡོས་ལྟར་སྐོལ་བའི་མེ་ལྷའི་གཅེན་པོ།།

ཧབ་སེམས་བྲག་ལ་སྡང་བའི་བཟོད་པའི་མངའ་བདག།

ངན་སེམས་དུག་སྡོང་གཅོད་པའི་གསེར་གྱི་སྟ་རེ།།

ཡན་ལག་ནོར་བའི་གྲུབ་པའི་སྐད་ཀྱི་བང་མཛོད།།

ཡང་ལག་རྟེན་གྱི་གྲུབ་པའི་ཕ་ནོར་རྩ་ཆེན།།

སྡིག་ཅན་གདོང་ལ་ཞེན་པའི་ཤེལ་དཀར་མཆོད་རྟེན།།

མྱ་ངམ་ཐང་ལ་འབྱར་བའི་རྩོམ་རྒོད་གཤོག་ཐོགས།།

རུས་པའི་རྐང་ལ་ཟུག་པའི་ལོ་རྒྱུས་དཔང་པོ།།

དབེན་པའི་རི་ཁྲོད་འགྲིམ་པའི་འཆར་ཡན་དབང་པོ།།


                 


《རྒས་རབས་དྲན་ཚུལ།》


ཕ་ཁུ་རྒྱ་སྟག་འདྲ་བའི་དཔའ་དར་གནམ་ལ་ཕྱར་ཚུལ།།

སྡེ་ཆེན་སྡེ་ཆུང་ཕར་ནང་བཙན་པོ་གཏམ་གྱི་བཅད་ཚུལ།།

མཐོན་པོ་དཔོན་གྱི་མདུན་དུ་དྲང་བདེན་སྨྲ་ལྕེ་སྦར་ཚུལ།།

ཡང་སྤྲུལ་བླ་མའི་དྲུང་དུ་བདེ་སྡུག་རྐྱལ་བ་གཤེགས་ཚུལ།།


སྐད་ཡིག་ཉི་ཟླའི་དཀྱིལ་འཁོར་འཆར་ཡན་གཤོག་པའི་བརྐྱངས་ཚུལ།།

མཁས་དབང་ཡི་གེའི་བྱེད་པོའི་ཟོར་བཅུའི་ཐལ་མོ་སྦྱར་ཚུལ།།

བུད་མེད་གནམ་གྱི་ཕྱེད་ཀའི་ལང་ཚོའི་རྟེན་ཕུར་བཞེངས་ཚུལ།།

འགྲོ་དྲུག་ཞི་བདེའི་དགའ་ཚལ་སྙན་ངག་བརྗོད་བྱར་གྲུབ་ཚུལ།།


《རྗེས་རབས་གླེང་ཚུལ།》


ཕ་བླ་རྒྱ་བཙོངས་སྟག་ཤ་ཁྱི་འཕེན་སྐྱོ་གར་རང་མོའི་ན་སྡུག་དེ།།

ཕ་སྐད་མི་དགོས་ཕ་ཡིག་མི་སློབ་ཡ་མ་ཟུང་གི་མགོ་འཁོར་སྐྱོ།།

ཉེར་གཅིག་ན་གཞོན་ཕ་སྐད་རིག་པའི་མར་མེ་ཚེ་འབར་གཟིམ་ལ་ཉེ།།

རེ་ཞིག་འུ་ཚོར་གསོན་ཐག་ཆད་དུས་སྐྱེས་རབས་རྫོད་པའི་རྗེས་རབས་སོ།།


ང་ནི་ང་ཡིན་པར་ར་སྤྲད་པ།


ལས་དབང་རླུང་ནག་ཤེད་ཀྱིས་གཡུག་ཀྱང་རུང་། །

རྣམ་ཤེས་སྦྲང་ཆུང་ཙད་ཀྱིས་བསྐམ་ཀྱང་ཆོག །

མི་ཁའི་མེ་འོབས་ཞབས་མེད་ཡིན་པ་དེ། །

བདག་ཉིད་བདག་ཏུ་གྲུབ་མཚན་མ་ཡིན། །


སྟོང་བའི་ནམ་མཁར་ཟླ་བ་མེད་ཀྱང་རུང་། །

ནོར་བུ་རྒྱ་མཚོའི་འཇིངས་སུ་ཉིལ་ཀྱང་ཆོག །

སྐྱེ་བ་ལར་བརྒྱར་ལེན་པའི་འགྲེལ་ཆེན་དེ། །

བདག་ཉིད་བདག་ཏུ་གྲུབ་པའི་མཚན་མ་ཡིན། །


སྤྲང་པོའི་ལག་ཏུ་སློང་བཟེད་འཕྲོག་ཀྱང་རུང་། །

གླེན་པའི་མགོ་རུ་ལྷམ་ཆུང་བསྐོན་ཀྱང་ཆོག །

ལས་དབང་རང་ལ་བཅོལ་དགོས་གཏན་ཚིག་དེ། །

བདག་ཉིད་བདག་ཏུ་གྲུབ་པའི་མཚན་མ་ཡིན། །


མྱི་ངན་གླེན་ལྐུག་ཟེར་ནས་སྡིགས་ཀྱང་རུང་། །

ཁྱིམ་མཚེས་ལན་ཆགས་ཟེར་ནས་སྨད་ཀྱང་ཆོག །

འཇིག་རྟེན་ཟེར་བའི་མུན་པའི་བྱང་ཐང་དེ། །

བདག་ཉིད་བདག་ཏུ་གྲུབ་པའི་མཚན་མ་ཡིན། །


ང་བཟང་ཟེར་ནས་འཛུམ་ཆུང་ཅེར་ཀྱང་རུང་། །

ཁོ་ངན་ཟེར་ནས་མཐེ་བོང་བསྒྲེང་ཀྱང་ཆོག །

ལས་ཀླུང་ནག་ཉེས་རང་ལ་འབབ་པ་དེ། །

བདག་ཉིད་བདག་ཏུ་གྲུབ་པའི་མཚན་མ་ཡིན། །


བཙན་པོ་དགྲ་ལ་གཉའ་བ་སྒུར་ཀྱང་རུང་། །

གཉོམ་ཆུང་མི་ལ་སྡང་མིག་བལྟས་ཀྱང་ཆོག །

ན་ཚོད་བཀག་ཏུ་མེད་པའི་ལམ་རིམ་དེ། །

བདག་ཉིད་བདག་ཏུ་གྲུབ་པའི་མཚན་མ་ཡིན། །

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཀ་ཕྲེང་ངག་རིག་འཁོར་ལོ།
  • ལེ་ཚན་རྗེས་མ།:ང་ཡི་ཕོ་བྲང་།