ཀ་ཕྲེང་ངག་རིག་འཁོར་ལོ།

        2019-12-18

འདབ་བརྒྱད་མེ་ཏོག་བཞད་འདྲའི་ཞལ་ཁྱིམ་གྱི་ངོས་ན།།

རྗེས་ཆགས་ཟུར་མིག་ནེ་ཙོའི་གཤོག་པ་ལྟར་གཡོ་བའི།།

ཚངས་པའི་སྲས་མོ་བདག་མགྲིན་ལོངས་སྤྱོད་ཀྱི་འཁོར་ལོར།།

བྱོན་ལ་ངག་རིག་གྲོལ་བའི་སྒོ་འཕར་དེ་ཕྱེས་ཤིག།

རྟེན་འབྱུང་ཚོགས་པ་མ་འགག་དལ་འབྱོར་གྱི་འཁྲི་ཤིང་།།

གསར་འཁྲུངས་གེ་སར་མ་བཞད་ལང་ཚོ་ནི་རྒྱས་པའི།།

ཡིད་གཅུགས་མཛའ་བ་ན་མོའི་བཀའ་བསྟན་གྱི་གཙུག་ལག།

ཤུལ་བཞག་གཅེས་ནོར་སྙིང་གི་ཐིག་ལེ་ནས་འཛུམ་ན།།

རྩ་གསུམ་ལྷ་ཚོགས་དགྱེས་པའི་སྐྱབས་འོག་ལ་ཚུད་དེ།།

འཇམ་མགོན་བླ་མའི་རྒྱལ་བསྟན་ཉིན་བྱེད་ཀྱི་ཟེར་མས།།

བསྐྱངས་པའི་པད་དཀར་ཆུན་པོའི་འདབ་སྟོང་ནི་གྲོལ་བས།།

ཟག་མེད་སྦྲང་རྩིས་བློ་གསལ་རྐང་དྲུག་དག་མྱོས་བྱུང་།།

ང་ཡི་གདོད་མའི་དུས་ཀྱི་འཕྲད་སྦྱོར་གྱི་རྣམ་ཤེས།།

ག་ནས་ཐོན་པ་འཚོལ་བའི་འདུ་བྱེད་ཀྱི་ལག་པས།།

ཁ་སེམས་འོ་ཆུ་འདྲེས་པའི་ཇ་དཀར་ནི་གདུས་ན།།

ཀ་དག་ཆོས་དབྱིངས་ལྷ་མོའི་འཛུམ་ཞལ་ནི་སྟོན་ནམ།།

ཀྭ་ཡེ་མཛའ་གཅུགས་གཞོན་ནུ་གེ་སར་གྱི་གདན་ལ།།

ཁ་འབྲས་སྐྱེ་མཚར་དང་བཅས་རྟག་བཞུགས་ནི་མཛོད་དང་།།

ག་ནས་བསགས་པའི་བསོད་ནམས་ཉ་གང་གི་ཟླ་བ།།

ང་ཡི་རྨོངས་བློ་སེལ་བའི་མགོན་པོ་རུ་ཕེབས་བྱུང་།།

ཉ་ཟླའི་དཀྱིལ་འཁོར་ངོས་ཀྱི་རི་བོང་གི་གཟུགས་ལས།།

ཇ་ཡུན་ཙམ་གྱི་འཚོ་བའི་མེ་ལོང་གི་རི་མོ།།

ཆ་རྒྱས་ཡོད་མེད་ཀུན་ལ་སྣང་ཚོད་ནི་མི་འདུག།

ཅ་དག་སྤྱོད་པ་སྐྱོངས་དང་ན་ཆུང་གི་བཙུན་པ།།

ཅ་དངོས་ཀུན་ལ་ཆགས་སྲེད་སྤངས་པ་ནི་དཀའ་ཡང་།།

ཆ་ལུགས་སྣ་ཚོགས་བཟུང་ནས་གཡོ་ཁྲམ་གྱི་ལུས་ལ།།

ཇ་ངན་ཇི་བཞིན་ཞུགས་པའི་སྤྱོད་ངན་དེ་མེད་པ།།

ཉ་མོ་གསེར་མིག་འཁྱུག་པའི་འགྲོས་ཉམས་ལས་མཚར་ཏོ།།

ན་ཚོད་མི་ཆེ་མ་གསུངས་གཞོན་དུས་ནི་ཡལ་སོང་།།

ད་ལྟའི་ཕྱིར་མིག་ཁྲོད་ཀྱི་ཆུང་འདྲིས་ཀྱི་རང་ཉིད།།

ཐ་ཤལ་སྤྱོད་པ་བསྒྱུར་བའི་སྐལ་བཟང་ནི་རྙེད་པ།།

ཏ་ཐཱ་ག་ད་གང་གི་ཐུགས་རྗེ་ལས་མ་འདས།།

ཏ་ལེན་ཕྲག་ཏུ་ཁུར་ནས་ཡས་མས་སུ་འགྲོ་ཞོར།།

ཐ་དད་འགྲོ་ལ་སྡང་བའི་ཨ་མཆོད་དུ་མ་སྐྱེས།།

ད་ཀོ་རིག་གཞུང་ས་ཆེན་འཛིན་མ་ཡི་སྒང་ནས།།

ན་གཞུང་ཆུ་མོ་ཇི་བཞིན་བརྩོན་འགྲུས་ཤིག་བསྟེན་ན།།

མ་གྱུར་འགྲོ་ལ་བརྩེ་བའི་ངང་ཚུལ་གྱི་བརྡ་ཡིག།

བ་སོ་ཆོས་རྒྱལ་གཞུང་ན་མངོན་སུམ་དུ་གསལ་བ།།

ཕ་རོལ་ཕྱིན་དྲུག་སྤྱོད་པའི་ནང་སེམས་ལ་སྦྱར་ན།།

པ་སངས་སློབ་མ་སོགས་ལས་རྒྱལ་བ་ལ་མི་ཚོམ།།

པ་ཎིའི་གཞུང་གི་ཀུ་མུད་མེ་ཏོག་གི་དགའ་ཚལ།།

ཕ་རོལ་ཕྱིན་གཞུང་ཉི་མའི་ཟེར་བརྒྱ་ཡིས་ཟུམ་པ།།

བ་ཀུ་ལ་བཞིན་སྒེག་མོའི་འགྲམ་ཆང་གིས་མ་གཏོགས།།

མ་ཀི་ཟེར་ན་ཐབས་ཤེས་གཞན་པ་ཞིག་མི་འདུག།

ཝ་སྐྱེས་རྒྱལ་བོར་བསྐོས་པའི་རྣམ་ཐར་ལ་བསམ་བཞིན།།

ཛ་ལང་སྤྱོད་པའི་སྣང་བརྙན་བསྒྱུར་དགོས་ནི་མེད་ན།།

ཚ་གྲང་ཁྱད་དུ་བསད་ནས་སྡིག་སྒྲིབ་གྱི་ས་བོན།།

ཙ་རི་བསྐོར་ནས་དག་ཐབས་ཡོད་པ་ཞིག་སྲིད་དམ།།

ཙ་ཏ་ཀ་ཡི་མཉེན་ལྕུག་གཤོག་པ་ཡི་འོག་གི།

ཚ་གདུག་སེལ་བའི་གྲིབ་བསིལ་ཆུང་ཆུང་རེ་བ།།

ཛ་དྲག་གདུང་བའི་རྨ་ཁ་མ་བཟོད་པས་ཡིན་ནམ།།

ཝ་མོའི་རང་མཚང་ཕྱི་ལ་ཕུད་པས་ནི་ཡིན་ནམ།།

ཡ་མཚན་དམ་པའི་རྣམ་ཐར་ཚུལ་བཞིན་དུ་སྐྱོང་ལ།།

འ་ཅག་ཐ་མལ་སྐྱེས་བུ་ཧ་ཅང་ནི་དཀའ་མོད།།

ཟ་མ་ངན་ངོན་བསྟེན་པའི་ཁ་ཅིག་ལ་སྡང་ཞོར།།

ཞ་ར་འོན་པར་དམོད་པའི་ཚིག་ངན་དེ་སྤོངས་ཤིག།

ཞ་ལུ་ལོ་ཆེན་བཟང་བོའི་དགེ་སེམས་ཀྱི་ཟླ་བ།།

ཟ་བྱེད་ཁྲོས་པ་ལྟ་བུའི་སྤྲིན་ནག་གིས་སྒྲིབ་ན།།

འ་ཅག་ཕལ་བར་སྣང་བའི་འདུ་བྱེད་ཀྱི་སེམས་པ།།

ཡ་ཡོ་མེད་པར་བརྟན་པའི་དཔེ་ཞིག་ནི་ཡོད་དམ།།

ས་ཆ་གང་ལ་སོང་ཡང་རང་ཚུགས་ཤིག་ཡོད་ན།།

ཤ་ཚུགས་མི་ལ་ཕྱུགས་ཀྱི་འདུ་ཤེས་ལྡན་མི་དཔེ།།

ལ་ལུང་ཞབས་ཀྱིས་བཅགས་ནས་འགྲོ་དོན་ལ་ཕེབས་ན།།

ར་མ་ལག་གི་ཆ་ལུགས་ཅན་ཚོ་ལ་འཛེམ་དགོས།།

ར་བ་གངས་རིས་བསྐོར་བའི་བོད་ཡུལ་གྱི་ལྗོངས་ན།།

ལ་མོ་བརྒྱ་ཕྲག་བརྒལ་ནས་ཆུ་མིག་ལ་འགྲོ་བའི།།

ཤ་རུས་གཅིག་ལས་མཆེད་པའི་སྒོམ་ཆེན་པ་མང་བོར།།

ས་ཆ་གང་ནས་འཕྲད་ན་ཡི་རངས་ནི་མཛོད་ཅིག།

ཨ་ཁུ་ང་ཡིས་བྲིས་པའི་ཀ་ཕྲེང་གི་ངག་རིག།

ཧ་ཧ་གཞན་གྱིས་མཐོང་ན་འཕྱ་སྨོད་ནི་མ་བྱེད།།

ཧ་ལོའི་མེ་ཏོག་ལྟ་བུའི་བསམ་སྦྱོར་ནི་མེད་པའི།།

ཨ་བཙུན་རང་ལ་འདི་ལྟར་གདམས་ན་ནི་འདོད་བྱུང་།།

                    ༼   བྲན། ༽


  • ལེ་ཚན་སྔོན་མ།:གོ་འཛོལ། ཞར་བཀོད་གཉིས།
  • ལེ་ཚན་རྗེས་མ།:རྩོམ་རྒོད་གཤོག་ཐོགས་མ། ༼ཞར་བཀོད་གསུམ།༽