བསྟོད་ཚིག་འབྲོག་གླུའི་རང་སྒྲ།

སྟོད་གངས་སྐྱེས།        2019-12-16

རབ་མཛེས་རྒྱ་གྲོང་སུམ་རྩེན་གནས་བཞིན་སྤྲོ།།

རབ་བརྗིད་ཆ་འཕྲིན་སྐར་ཚོགས་བཀྲམ་འདྲ་རྒྱས།།

རབ་ཡངས་འཇིག་རྟེན་སྙིམ་པའི་སྦུག་བཀོད་པའི།།

རབ་དགའི་དུས་གསར་ངོ་མཚར་གནས་ཀྱི་ཞིང་།།

མཁའ་ལ་འཕུར་བའི་གཤོག་ཟུང་མ་སྐྱེས་ཀྱང་།།

ཆུ་རླུང་རྒལ་བའི་རྐྱལ་རྩལ་དབུལ་ཡང་རུང་།།

ས་ལ་བགྲོད་པའི་བང་རྩལ་ཆད་ན་ཡང་།།

སྲིད་གསུམ་ཉུལ་བའི་འཕྲུལ་འཁོར་རྒྱུ་སྐར་ཟླ།།

དགུང་གི་ཟླ་བ་སྙན་གྲགས་ཆེ་ན་ཡང་།།

ཉིན་མཚན་ལྡོག་པའི་བཤད་གྲོས་མ་ཐོས་སྟེ།།

སྒྲོལ་བྱེད་ཉི་མའི་ཟླ་བོར་འགྲོགས་པའི་འོད།།

དེང་གི་གློག་འོད་ཁྲོད་ན་མེ་སྟག་ཙམ།།

དུས་གསུམ་ཁྱད་མེད་གསར་རྙིང་གནས་ཚུལ་རྟོགས།།

ཡུལ་གྱི་དབྱེ་མེད་ཕན་ཚུན་འབྲེལ་བས་བསྡམས།།

མཐོ་རིས་ལྷ་ཡི་མངོན་ཤེས་སྐྱེངས་བའི་གནས།།

ཆ་འཕྲིན་དུས་རབས་བློ་ལ་ཡ་མཚན་ཅན།།

གཞལ་ཡས་ཁང་བཟང་ཀླུ་ཡི་ཕོ་བྲང་རིགས།།

རིགས་ཀྱི་ན་གཞོན་སྣ་མང་གོས་ཀྱི་རྒྱན།།

རྒྱན་ཆའི་རྩེ་གྲས་ཚན་རྩལ་ཤེས་རིག་དར།།

དར་ཞིང་རྒྱས་པའི་སྤྱི་ཚོགས་གསར་པ་བརྗིད།།

དགོས་འདོད་ཤེས་བྱ་མི་ཐོབ་སྡུག་བསྔལ་མེད།།

རིན་བྲལ་ཐོས་པ་གསོག་པའི་མཐུན་རྐྱེན་མང་།།

བརྔམ་ནག་འཚོ་བའི་འགྲན་ཁ་དབལ་ན་ཡང་།

བཙན་པོའི་གོ་ཆ་གྱོན་པའི་ཐབས་སྒོ་ཡངས།།

དགོང་མོ་བྲེལ་བའི་ཐབས་ལས་གཞོལ་དགོས་མེད།།

ཉིན་མོ་དཀའ་བའི་ཞོ་མདོང་དཀྲོགས་དགོས་མེད།།

འཁེལ་འཐག་བྱས་ཏེ་རྒྱུན་དགོས་འཚེམ་དགོས་མེད།།

དུས་རབས་གསར་པའི་བུད་མེད་བག་ཡངས་ལྡན།།

སྡུག་རྩུབ་བཙན་པོའི་གཉའ་ནས་གནོན་མཁན་དང་།།

ཉམ་ཆུང་སྤྲང་པོའི་མཐའ་ནས་སྐྱོང་མཁན་ཏེ།།

རྒྱལ་ཁྲིམས་སྲོང་པོའི་དྲང་མོའི་མདའ་རྩེ་ལ།།

བརྟན་ལྷིང་འཚོ་བ་ཞི་བདེ་བག་ཕེབས་སྤྲོ།།

བྲེ་སེར་འབྲོང་གི་རྭ་རྩེད་ངོམ་ས་སྟེ།།

ནང་པ་ཆོས་ཀྱི་བསྟན་པ་དར་སའི་བོད།།

དུས་རབས་གསར་བའི་དཔལ་ཀྱི་སྙིང་པོ་འགྲོགས།།

དབུལ་ལམ་བཤགས་ནས་ཕྱུག་སྒྱུར་ལམ་བུར་བསྐྱོད།།

དགུན་གསུམ་ཁ་བའི་འཁྱག་རླུང་གཟེར་ན་ཡང་།།

རྒྱབ་གོས་ཆད་པའི་སྡུག་བསྔལ་ཁྱེད་ཚོར་མེད།།

མི་ཚེ་སྐྱ་མོའི་ལམ་ཐག་རིང་ཡང་རུང་།།

ལྟོགས་སྐོམ་མནར་བའི་འཇིགས་སྐྲག་ང་ཚོར་མེད།།

ཁྱོད་ཀྱིས་གངས་རི་དཀར་པོ་གདངས་ལ་གྱེར།།

ང་ཡིས་གཙང་ཆབ་སྔོན་མོ་ངག་ལ་བཀུག།།

འུ་གཉིས་མཐིང་སྨུག་སྦྲ་ཡི་ནང་རོལ་ནས།།

སྙན་ཚིག་དབྱངས་ལ་བཏགས་ནས་དུས་གསར་བསྟོད།།

དུས་རབས་གསར་པ་བདེ་ལྡན་ལྷ་ཡུལ་རེད་།།

དུས་རབས་གསར་པ་འཚོ་བའི་ལོངས་སྤྱོད་རེད།།

དུས་རབས་གསར་པ་མི་ཡི་བསོད་ནམས་རེད།།

དུས་རབས་གསར་པ་སེམས་ཀྱི་དག་ཞིང་རེད།།

  • ལེ་ཚན་སྔོན་མ།:གུང་ཐང་མི་ལ་རས་པ།
  • ལེ་ཚན་རྗེས་མ།:གོ་འཛོལ། ཞར་བཀོད་གཉིས།