ཆུ་ཀླུང་།

པ་སངས་བདེ་སྐྱིད།        2019-12-11

འཛད་མེད་ཀྱི་བཞུར་རྒྱུན།   ངལ་མེད་ཀྱི་དལ་འགྲོ།ས་ཆེན་པོའི་པང་ཁ་ནས། རྒྱང་རིང་ནས་རྒྱང་རིང་དུ་བཞུར།ད་དུང་། ཁྱེད་ཀྱི་ཟུངས་ཁྲག་དྲོན་མོས།ས་གཞི་ཡངས་པོར་གསོན་ཤུགས་ཀྱི་འཕར་རྩ་འབྱིན།སྐྱེ་དངོས་ཐམས་ཅད་ཀྱི་སྐོམ་པའི་གདུང་བ་སེལ།

ཐ་ན།  གཅེས་པའི་བླ་སྲོག་དེ་ཡང་།  ཕངས་སེམས་མེད་པར་ཡོད་ཚད་ལ་སྐྱེས་སུ་འབུལ།  ཡིན་ནའང་།  མདོ་མེད་ཀྱི་སྐྱེ་བོས།  ཁྱེད་ཀྱི་བཞུར་སྒྲ་ལ་མི་མཉན་པར།  གཏི་མུག་གཉིད་དུ་ཡུར།

ལྗན་ལྗིན་གྱི་དྲི་མ་ཞིམ་མངར་དུ་མྱོང་།སྐབས་འཕྲལ་གྱི་བདེ་བ་རྟག་བརྟན་དུ་རེ།  ཉོན་མོངས་ཀྱི་བྱེད་གཏེ་མཛའ་གྲོགས་སུ་བརྟེན།  ལྗང་མདོག་གི་ཕ་ས་རྒྱབ་ཏུ་བསྐྱུར། ངེས་མེད་ཀྱི་བློ་ཁ། སྲབ་མེད་ཀྱི་རྟ་ཕོ་བཞིན། གང་སར་རྒྱུག་བཞིན་མཆིས། ཡིན་ནའང་། ཆུ་ཀླུང་ལགས། ཁྱེད་ཀྱི་ལྷག་བསམ་སྤྲིན་དཀར་གྱི་བང་རིམ་ནས་འཕྱོ་ཞིང་།དགོས་འདོད་ཀྱི་སྐྱེ་འགྲོར། བདུད་རྩི་ཡི་སྐྱེམ་ཆང་སྟེར།

རྟག་བརྟན་འགྱུར་མེད་ཀྱིས།  ཉེ་རིང་ཆགས་སྡང་རྒྱང་དུ་དོར་ནས།དུས་ཁོམ་མེད་པར་གཞན་ཕན་འཁུར་དུ་བླངས་བར་བྲེལ།ཁྱེད་ཀྱི་རིན་བྲལ་གྱི་སྤྱོད་བཟང་།  ཞུམ་མེད་ཀྱི་སྙིང་སྟོབས་ལ།བསྟོད་ཚིག་གི་མེ་ཏོག་ཆུན་པོ་འབུལ་འདོད།  བསྔགས་པའི་གླུ་དབྱངས་ཇི་སྲིད་བར་ལེན་འདོད།


  • ལེ་ཚན་སྔོན་མ།:ངའི་མིག་ནང་གི་མི་སྒྲོལ་མ། ངའི་སེམས་ནང་གི་ལྷ་སྒྲོལ་མ།
  • ལེ་ཚན་རྗེས་མ།:ཉི་མའི་འཁོར་བསྐྱོད་ཀྱི་དབང་གིས།