ངའི་མིག་ནང་གི་མི་སྒྲོལ་མ། ངའི་སེམས་ནང་གི་ལྷ་སྒྲོལ་མ།

དཀར་མེ།        2019-12-11

ཁ་ཐུམ་གྱི་གསེང་ནས་མངོན་པའི་འཛུམ་ཆུང་དེས་ང་ཡི་ལུས་ངག་ཡིད་གསུམ་སྦྲིད་དུ་བཅུག དེ་ཡང་ཅི་ཁག་སྟེ་བར་སྐབས་དེར་མི་ཕོ་སུ་ཞིག་ཡིན་རུང་ཕལ་ཆེར་སྦྲིད་པར་བྱེད་ངེས། མིག་ཟུང་ཀེམ་ཀེམ་དུ་ཅི་ཞིག་འཆད་ཀྱིན་པ་ལྟ་བུའི་སྣང་བརྙན་དེས་ཀྱང་ང་ཡི་ཚེ་རབས་སྟོང་གི་སྡིག་སྒྲིབ་དག་བྱུང་། གང་ལྟར་ང་རང་ཕོ་ལོ་ཉི་ཤུའི་སྒོ་ཐེམ་ལ་ཡར་སྤོས་པ་ནས་སེམས་པའི་གཏིང་རིམ་བསྒུལ་བ་ནི་ད་ཐེངས་ཡིན། ཡུན་གྱིས་ཁ་ཐུམ་བླངས་ཤིང་ཚེམས་དཀར་དུང་ཕྲེང་གི་འོད་མདའ་ང་སར་ཕོག་བྱུང་། ཕོག་པ་ནས་ཀྱང་སེམས་པའི་གཏིང་རིམ་དུ་ངང་ངམ་ཤུགས་ཀྱིས་ལྷུང་བྱུང་། ལྷུང་བ་ནས་ཀྱང་བསྐལ་བ་སྟོང་ལ་བརྗེད་མི་ཐུབ་པའི་རྡོ་རིང་འདྲ་ཞིག་བསླངས་བྱུང་། མྱི་ཁའི་མེ་སྒྱོགས་ཆར་ལྟར་བབས་ཀྱང་འདང་གི་དྲན་པ་གཅིག་ཏུ་སིམ་པ་འདྲ་ཞིག་ཆགས་བྱུང་། འཚོ་ཚིས་ཀྱི་དཀའ་ངལ་ཅི་ཙམ་བྱུང་ཡང་ཡིད་ཀྱི་སྨོན་ལམ་གཅིག་ཏུ་འདྲེས་པ་འདྲ་ཞིག་བསམས་བྱུང་། དེ་ཡང་མི་དག་གིས་བྱུང་རིམ་འདིར༼ 一 见钟情 ༽ འདྲ་ཞིག་ལབ་ཀྱིན་འདུག དངོས་ནས་དེ་ལྟར་ལགས། དུས་ཚོད་ཀྱི་དབང་གིས་འུ་གཉིས་ལ་ཐུག་འཕྲད་མ་ཡིན་པའི་ཐུག་འཕྲད་ཅིག་གི་སྐལ་བ་ལྡན་ཙམ་བྱུང་ཞིང་གློ་བུར་ཡིན་ལ་མ་ཡིན་པའི་བར་ཆད་ཅིག་གིས་སོ་སོའི་ལམ་དུ་བགྲོད་དགོས་བྱུང་ཡང་སོ་སོའི་སེམས་ནང་དུ་ལས་དབང་ཞེས་པ་ཞིག་ཡོད་ངེས་ཞེས་ཆིག་ལབ་བརྒྱབ་མྱོང་། སླར་ཡང་འཕྲད་ངེས་ཞེས་སྨོན་ལམ་བཏབ་མྱོང་། དུས་ཚོད་ཡུན་ཙམ་ཞིག་སོང་བའི་རྗེས་སོར་ལས་ཀྱི་སྟབས་ཀ་ཡིན་ནམ་འཕལ་ཀ་འཕྲོད་དེ་འུ་གཉིས་ནི་སུ་ཞིག་གིས་དུས་ཆད་བཏབ་པ་ནང་ལྟར་ལྷིང་ཞིང་འཇགས་པའི་མཚན་གུང་གི་དུས་ཚོད་གཉིས་པར་སྲང་ལམ་གྱི་བཞི་མདོ་དེ་རུ་འཕྲད། ཁྱོད་རང་དོགས་མི་བདེ་བའི་ཚུལ་གྱིས་མགོ་བོ་བསྒུར་ནས་འདུག་པ་ལས་གཞན་ཅི་ཡང་མི་བྱེད་མོད། ངས་འདི་ནི་ལས་དབང་གིས་འུ་གཉིས་ལ་གནང་བའི་ཆེས་མཐའ་མཇུག་གི་ཐུག་འཕྲད་དུ་བསྒོམས་ནས་སྤོབས་པ་ཆེན་པོས་ཁྱོད་ཀྱི་རྣ་རྩར་ཤུབ་ཤུབ་ཀྱིས་ཚིག་དེ་དག་སྨྲས་རྗེས། ངའང་དོགས་མི་བདེ་ཞིག་ཏུ་ཆགས་ཤིང་ཁྱོད་ཀྱི་ཨ་ལན་ཙམ་ཡང་མི་སྟེར་བའི་ཡུན་ཙམ་གྱི་དུས་ཚོད་རིང་ངས་བཤད་ཟིན་པའི་ཚིག་དེ་དག་མ་བཤད་ན་རེད་ཅེས་སྙམ་ཞིང་ཡང་བཤད་ན་བཤད་ཀྱང་སྙམ་མོ།། དུས་ཚོད་རིང་ཙམ་ཞིག་སོང་བའི་རྗེས་སོར་ཁྱོད་ཀྱིས་འབྲི་ཤོག་སྟོང་བ་ཞིག་གི་ངོས་སུ་རང་གི་སྐད་འཕྲིན་གྱི་འབྲེལ་གནས་བྲིས་ཤིང་འཛུམ་ཆུང་གི་རི་མོ་ཞིག་མངོན་ཆུང་གིས་བྲིས་སྟེ་ང་ལ་བྱིན། དེ་ནས་བཟུང་འུ་གཉིས་ཀྱི་གཏམ་རྒྱུད་དག་ལ་དབུ་ཁྱུད་བྲིས་ཤིང་འཁོར་བའི་ཁང་མིག་འདི་རུ་འུ་གཉིས་ཀྱི་ཞབས་རྗེས་མང་དུ་དཔར། མཚན་མོ་དེར་འུ་གཉིས་ཀྱིས༼ 爱在黎明破晓前 ༽ ཞེས་པའི་ཕྱི་རྒྱལ་གྱི་བརྩེ་གདུང་གི་གློག་བརྙན་དེར་བལྟས་ཤིང་གློག་བརྙན་གྱི་གཙོ་འཁྲབ་པ་ཕོ་མོ་དེ་གཉིས་ཀྱི་ཐུག་འཕྲད་དང་ཐུག་འཕྲད་དེ་རྗེས་ཀྱི་བྱུང་རིམ་མཐའ་དག་ལ་ཞིབ་ཏུ་བལྟས། གྱེས་ཁ་མའི་དུས་ཆད་དང་ཉིན་གཅིག་གི་བརྩེ་གདུང་ལ་ཡི་རང་སྐྱེས། དེའི་རྗེས་ད་དུང་ཡང་མེ་འཁོར་ནང་གི་ཧྥ་རན་སིའི་བུད་མེད་དེ་དང་ཨུ་རུ་སའི་སྐྱེས་པ་དེ་གཉིས་ཀྱི་ལོ་ཕྱེད་ཀྱི་རྗེས་ནས་ཐོག་མར་འཕྲད་མ་ཐག་དོན་དག་གང་ཞིག་བསྒྲུབས་མིན་ལ་རྟོགས་བཟོ་བྱས། ཁོ་གཉིས་དུས་ཆད་ལྟར་འཛོམས་ཐུབ་མིན་ལའང་སེམས་ཁྲེལ་མང་དུ་བྱས།  དེས་མི་ཚད༼  韩剧 ༽ དག་གི་གཙོ་འཁྲབ་པ་དག་བརྩད་ནས་ཁ་འཁོན་བྱས་རྗེས་རང་རང་ས་ནས་རང་ཚུགས་འཛིན་ཁུལ་གྱིས་ཕན་ཚུན་ལ་ཁ་ཡ་མ་བྱས་པའང་ཡོད་ཨང་།

  • ལེ་ཚན་སྔོན་མ།:སྟོང་བསམ་ངོ་གཉིས་མ།
  • ལེ་ཚན་རྗེས་མ།:ཆུ་ཀླུང་།