ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ།

        2019-12-11

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

(2019ལོའི་སྤྱི་ཟླ12པའི་ཚེས6ཉིན་ལ་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམས་བྱུང་བ།)

ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ2019ལོའི་སྤྱི་ཟླ12པའི་ཚེས6ཉིན་ཁྲེང་ཏུའུ་རུ་འཚོགས་པ་རེད།

ཚང་འཛོམས་གྲོས་ཚོགས་ནང་ཞུགས་མཁན་ཞིང་ཆེན་ཏང་ཨུའི་ཨུ་ཡོན76དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན13ཡོད་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་འབྲེལ་ཡོད་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཞུགས་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ནང་གཞི་རིམ་གྱི་འཐུས་མི་ཁ་ཤས་ཀྱང་ཟུར་ཞུགས་བྱས་ཡོད་པ་རེད།

ཚང་འཛོམས་གྲོས་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་གནང་ཞིང་། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་ཁང་གི་ཚབ་མཛད་དེ་ལས་ཀའི་སྙན་སེང་གནང་བར་གསན་འཇོག་གནང་ཞིང་གྲོས་བསྡུར་བྱས་པར་མ་ཟད། ད་དུང《ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལག་བསྟར་གཏིང་ཟབ་ཏུ་གཏོང་བ་དང་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་རེད། ཕེང་ཆིང་ཧྭ་ཡིས《གྲོས་ཆོད(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནས་བཟུང་གི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་ཁང་གི་ལས་ཀར་ཁས་ལེན་གང་ལེགས་གནང་བ་རེད། ཚང་མས་མགྲིན་གཅིག་ཏུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་བྱེད་ཡས་བྱས་ནས་ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་སི་ཁྲོན་ལས་ཀའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་སྙིང་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་བྱས་ཤིང་།  བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ནན་ཏན་བྱེད་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཀའ་སྤྱད་འགག་སྒྲོལ་དང་འབད་འབུངས་ཡར་བརྩོན་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོ་དང་རང་རེའི་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱེད་པ། རིག་གནས་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན་དང་རྫོང་ཁོངས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ཚོགས་ཆེན་འཚོགས་པ། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་ལེན་གསུམ་སྒྲུབ་ཚུལ་ཕྱིར་བལྟས་གྲལ་བཤེར་ཆེན་པོ། ཞིང་ཆེན་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བཅོས་བསྒྱུར་བཅས་དོན་ཆེན་དྲུག་ཡག་མོ་བསྒྲུབས་ཤིང་། འཕར་སྣོན་བརྟན་པོ་དང་བཅོས་བསྒྱུར་ལ་སྐུལ་འདེད་བཏང་བ། སྒྲིག་གཞི་ལེགས་སྒྲིག དམངས་འཚོར་ཕན་འདོགས ཉེན་ཁ་སྔོན་འགོག བརྟན་བརླིང་སྲུང་སྐྱོང་། ཏང་འཛུགས་སྐྱོང་སོགས་གང་ཅིའི་ཐད་ཀྱི་ལས་ཀར་གཅིག་གྱུར་སྐུལ་འདེད་བཏང་བ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགག་སྒྲོལ་ཆེན་པོ་གསུམ་ལ་བརྩོན་ནས་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཉམ་འགུལ་བྱེད་པར་སྐུལ་འདེད་ཟབ་མོ་བཏང་བ་དང་ཕྱོགས་བཞིར་རྒྱ་བསྐྱེད་གཏོང་བ་དང་ས་ཁོངས་ཡོངས་སུ་སྒོ་འབྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་བཏང་བ། ཁྱོན་ཡོངས་ནས་བཅོས་བསྒྱུར་ཇེ་ཟབ་ཏུ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་རྒྱུན་མཐུད་དུ་ཤུགས་བསྣན་པ། བསམ་བློ་དྲིལ་བསྒྲགས་རིག་གནས་ལས་ཀར་ཤུགས་བསྣན་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཤུགས་ཆེན་བཏང་བ། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ནུས་ཤུགས་ཡོད་རྒུས་ཁག་ཐེག་བྱས་པ།ཁྲོན་སྐྱོང་ཁྲོན་དར་གྱི་བྱ་གཞག་ཁག་ལ་གལ་ཆེ་བའི་འཕེལ་རིམ་གསར་པ་བྱུང་ཡོད་པ་རེད། 

  ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གཏན་འབེབས་བྱས་ནས་གཞི་རྩའི་ལམ་ལུགས་དང་རྩ་བའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་ལ་དམིགས་ཏེ་གང་ལ་རྒྱུན་འཁྱོངས་དང་སྲ་བརྟན་གཏང་དགོས་པ་དང་ཅི་ལ་འཐུས་ཚང་དང་འཕེལ་རྒྱས་གཏོང་དགོས་པའི་སྐོར་གྱི་ཆབ་སྲིད་ཀྱི་དོན་ཆེན་ལ་ལན་གཏིང་ཟབ་བཏབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་གནང་བའི་ཏང་ཀྲུང་དབྱང་གིས་མཐོང་རྒྱ་ཆེ་ཞིང་གཟིགས་རྒྱང་རིང་བའི་འཐབ་ཇུས་རང་བཞིན་གྱི་མིག་རྒྱང་དང་རྒྱལ་སྐྱོང་ཧུར་བརྩོན་བྱེད་པའི་ལོ་རྒྱུས་འགན་ཁུར་གང་ལེགས་མཚོན་ཡོད། དེས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་གི་གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད། ཞིང་ཆེན་ཏང་ཨུས་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་དུས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་ཡོན་ཁང་གི་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གི་ཆེད་དོན་སློབ་སྦྱོང་དང་རྒྱས་འཛོམས་གྲོས་ཚོགས་འཚོགས་ཏེ་གྲོས་བསྡུར་སྤེལ་རེས་བྱས་པ། འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གཞི་རིམ་དུ་ཕྱིན་ནས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པ། ད་དུང《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》ཞིབ་འཇུག་དང་བཟོ་འགོད་བྱ་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གི་སྙིང་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་པའི་ཚ་རླབས་ཤིག་སློང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་དང་རྨང་གཞི་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་གཞི་རིམ་ལ་བརྟེན་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གཞི་རིམ་སྟོབས་ཆེར་གཏང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་བཅོས་སྐྱོང་ཐད་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་རྒྱུ་དེ་ནང་དོན་གལ་ཆེན་དུ་བརྩིས་ནས་བཀོད་སྒྲིག་གནང་སྟེ་དུས་རབས་གསར་པའི་གཞི་རིམ་བཅོས་སྐྱོང་གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བསམ་བློའི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། སི་ཁྲོན་ནི་རྒྱལ་ཡོངས་ཀྱི་མི་འབོར་མང་བའི་ཞིང་ཆེན་དང་། དཔལ་འབྱོར་དར་བའི་ཞིང་ཆེན། ཞིང་ལས་དར་བའི་ཞིང་ཆེན་ཆེ་གྲས་ཤིག་ཡིན་ཞིང་། དེར་རིགས་སྣ་མང་བ་དང་འཕེལ་རྒྱས་ཀྱི་ཧེ་བག་མངོན་གསལ་དོད་པའི་ཡངས་ཤིང་རྒྱ་ཆེ་བའི་གྲོང་སྡེ་ཡོད་པར་མ་ཟད། གྲོང་ཁྱེར་ཆེས་ཆེ་བ་དང་འཚར་ལོངས་མགྱོགས་མྱུར་བྱུང་བའི་གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་ཡང་ཡོད་པ་རེད། ད་དུང་རྒྱལ་ཡོངས་ཀྱི་དབྱིས་རིགས་འདུས་སྡོད་ས་ཁུལ་དང་། བོད་ཁུལ་ཆེན་པོ་གཉིས་པ། ཆའང་རིགས་ཀྱི་འདུས་སྡོད་ས་ཁུལ་བཅས་ཡོད་པ་རེད། ད་སྔར་རང་རེའི་ཞིང་ཆེན་འདི་ཉིད་ཕྱོགས་སྒྱུར་འཕེལ་རྒྱས་དང་། གསར་གཏོད་འཕེལ་རྒྱས། མཆོང་སྐྱོད་འཕེལ་རྒྱས་བཅས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་དང་། གྲོང་ཁྱེར་དང་གྲོང་སྡེའི་རྣམ་པ་བསྐྱར་སྐྲུན་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་ཀྱི་གྲུབ་ཆ་འགྱུར་ལྡོག་གཏིང་ཟབ་གཏོང་བ། ཁེ་ཕན་ཆགས་སྟངས་ལེགས་སྒྲིག་གཏིང་ཟབ་བྱེད་པ་བཅས་ཀྱི་དུས་རབས་ཀྱི་རྒྱབ་ལྗོངས་འཕྲད་ཡོད་པས་གཞི་རིམ་བཅོས་སྐྱོང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད་པ་རེད། གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་ལག་ལེན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་རིམ་དང་འཚམ་པའི་བརྒྱུད་རིམ་ལྡན་པའི་བཅོས་བསྒྱུར། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་སྐོང་བའི་བྱེད་ཐབས་གལ་ཆེན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་། དཔལ་འབྱོར་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་བྱེད་པ། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་གཏོང་བར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་འགན་ལེན་ནུས་ལྡན་བཅས་ཡིན་པས་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དམ་འཛིན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་གནང་བའི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པར་བྱེད་པ། ཏང་འཛུགས་སྐྱོང་བྱ་རྒྱུ་ཁྲིད་སྟོན་དུ་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ། བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་རྒྱུ་སྒུལ་ཤུགས་སུ་བྱེད་པ་བཅས་བྱས་ཏེ་ཞན་ཆ་གསབ་གང་ཐུབ་དང་། ཉམ་ཞན་སར་ཤུགས་རྒྱག་པ། ལམ་སྲོལ་འཛུགས་པ། ནུས་པ་འདོན་པ་བཅས་བྱ་དགོས། ཏང་ཨུ་ཡིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་མཐུན་སྦྱོར། སྤྱི་དམངས་ཐེ་ཞུགས། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་སི་ཁྲོན་དང་གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་པ། སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་གཏོང་བར་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་རྨང་གཞི་བརྟན་པོར་འདིང་དགོས། གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་གི་གཞི་རྩའི་རྩ་དོན་ཁོང་དུ་ཆུད་པ་བྱེད་པར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། བཅོས་བསྒྱུར་གསར་གཏོད་མཐའ་འཁྱོངས། བཅོས་སྐྱོང་དང་འཕེལ་རྒྱས་ཟུང་འབྲེལ་མཐའ་འཁྱོངས། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་མཐའ་འཁྱོངས་བཅས་བྱ་དགོས། གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལས་འགན་ཁོང་དུ་ཆུད་པ་བྱས་ཏེ2021ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་རིགས་ཁག་གི་རྩ་འཛུགས་ཀྱི་འབྲེལ་བ་སྔར་བས་ཁ་གསལ་ཡོང་བ་བྱེད་པ་དང་། གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་དང་། སྤྱི་པའི་དོ་དམ། སྤྱི་པའི་བདེ་འཇགས་བཅས་ལ་འགན་ལེན་ནུས་ལྡན་ཐུབ་པ། གཞི་རིམ་བཅོས་སྐྱོང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ་བཅོས་སྐྱོང་ལམ་ལུགས་སྔར་བས་གནད་སྨིན་འཐུས་ཚང་དང་དེ་བས་མངོན་གསལ་དོད་པའི་གྲུབ་འབྲས་འཐོབ་པ་བྱ་དགོས། 2035ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་སྡེའི་གཞི་རིམ་བཅོས་སྐྱོང་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མངོན་གསལ་དོད་པོ་ཆེ་རུ་ཕྱིན་པ། གཞི་རིམ་བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་པ་བཅས་བྱུང་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དེང་རབས་གྲོང་སྡེ་བཅོས་སྐྱོང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏང་དགོས། གྲོང་སྡེའི་ཏང་རྩ་འཛུགས་ཀྱིས་གྲོང་སྡེ་རིམ་པའི་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལམ་ལུགས་དང་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་ཞིང་། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པ་དང་། གྲོང་སྡེའི་རང་སྐྱོང་རྩ་འཛུགས་དང་གྲོང་སྡེའི་ལས་དོན་ལྟ་སྐུལ་རྩ་འཛུགས་ཀྱིས་རྨང་གཞིར་བྱེད་པ། ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པའི་མཉམ་ལས་ཁང་རྩ་འཛུགས་ཀྱིས་འབྲེལ་ཐག་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྩ་འཛུགས་གཞན་དག་གིས་ཁ་གསབ་བྱེད་པའི་གྲོང་སྡེ་རིམ་པའི་རྩ་འཛུགས་ཁག་གི་ནང་སྲོལ་འཛུགས་དགོས། གྲོང་སྡེའི་ཏང་རྩ་འཛུགས་ཀྱིས་གྲོང་སྡེ་རིམ་པའི་རྩ་འཛུགས་ཁག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པའི་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་ཞིང་། གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲིམས་འབེབས་གོ་རིམ་བརྒྱུད་ནས་གྲོང་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་འགན་ཁུར་བ་བྱ་རྒྱུ་ཁྱོན་ཡོངས་ནས་ལག་ལེན་བྱ་དགོས། གྲོང་སྡེ་རིམ་པའི་སྒྲིག་འཛུགས་ལེགས་སྒྲིག་བཅོས་བསྒྱུར་སྐུལ་འདེད་བརྟན་པོར་བྱེད་ཅིང་། གྲོང་སྡེའི་བཀོད་པ་ལེགས་སྒྱུར་བྱེད་པ་དང་། ལྟེ་གནས་གྲོང་སྡེ་དང་གཙོ་གནད་གྲོང་སྡེ། ཁྱད་ཆོས་ཡོད་པའི་གྲོང་སྡེ་ཚན་འབོར་ཞིག་གསར་སྐྱོང་བྱ་དགོས། ཞིང་སྡེའི་གཞི་རྩའི་ཚོང་གཉེར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་ཞིང་། ཞིང་སྡེ་གསར་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་རྣམ་པ་དང་འཁོར་སྐྱོད་ནང་སྲོལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏང་དགོས། གྲོང་སྡེའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པའི་དཔུང་སྡེ་ལེགས་སྒྱུར་རིམ་སྤར་བྱ་སྤྱོད་ལག་ལེན་བྱེད་ཅིང་། ཡུལ་ཤོག་དང་གྲོང་རྡལ་གྱི་ལས་ཁུངས་དང་དོན་ལས་སྡེ་ཚན་གྱི་ལས་བྱེད་པ་གྲོང་སྡེའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་པོའི་འགན་བཞེས་པར་སྐུལ་ལྕག་བྱེད་པའི་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་པའི་གླ་པ་ཕུལ་དུ་བྱུང་བ་ནང་འགུགས་གསོ་སྐྱོང་ལས་གྲྭ་ལག་ལེན་དངོས་སུ་བྱ་དགོས། ཡུལ་ཤོག་དང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་བགོ་བའི་ལེགས་སྒྲིག་བཅོས་བསྒྱུར་གྱི་རྗེས་མའི་ལས་དོན་ཡག་པོ་སྒྲུབ་པ་དང་། འབོར་ཚད་ཉུང་གཏོང་དང་སྤུས་ཚད་མཐོར་འདེགས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་ཅིང་། ཡུལ་ཤོག་དང་གྲོང་རྡལ་གྱི་སྒྲིག་གཞི་བཀོད་སྒྲིག་དང་སྒྲིག་ཁོངས་བསྒྲིགས་བཀོད་ལེགས་སྒྱུར་བྱེད་པ་དང་། ལེགས་སྒྱུར་དང་མཐུན་སྦྱོར། ཆོད་ཆེ་བཅས་ཀྱི་ཡུལ་ཤོག་དང་གྲོང་རྡལ་ལས་དོན་འཁོར་སྐྱོད་ཀྱི་ནང་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་ནས། ཡུལ་ཤོག་དང་གྲོང་རྡལ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏང་དགོས། གྲོང་སྡེའི་ཞབས་ཞུ་དམངས་ཕན་གྱི་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་སྡེར“གློད་སྡོམ་ཞབས་གསུམ”གྱི་བཅོས་བསྒྱུར་བྱེད་ཅིང་། གཞི་རིམ་གྱི་སྤྱི་པའི་ཞབས་ཞུ་སྣ་མང་མཁོ་འདོན་བྱེད་པའི་ནང་སྲོལ་འཛུགས་ཤིང་། དབུལ་ཐར་བརྟན་པོར་ཡོང་བ་དང་དབུལ་པོར་སླར་ལོག་སྔོན་འགོག་ནང་སྲོལ་འཛུགས་པ་དང་། གྲོང་ཡུལ་ལ་གཅིག་གྱུར་འཆར་འགོད་དང་དམངས་ཡོངས་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏང་དགོས།  མཛེས་པའི་སི་ཁྲོན་གྱི་མི་སྡོད་ཁོར་ཡུག་འཚམ་པའི་གྲོང་སྡེ་འཛུགས་སྐྱོང་གི་ཡུན་ཕན་ནང་སྲོལ་བཙུགས་ཏེ། གྲོང་སྡེའི་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་དང་མི་སྡོད་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་ཧུར་ཐག་གཏང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གྲོང་ཁྱེར་དང་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏང་དགོས།  ཁྲོམ་ལམ་བདག་གཉེར་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་ཅིང་། ཁྲོམ་ལམ་གྱི་འགན་ནུས་བསྒྱུར་ནས་གྲོང་ཁྱེར་དང་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཏང་འཛུགས་དང་སྤྱི་པའི་བདག་གཉེར། སྤྱི་པའི་ཞབས་ཞུ། སྤྱི་པའི་བདེ་འཇགས་བཅས་ཕྱོགས་འདུས་རང་བཞིན་གྱི་སྒྲིག་གཞི་གཅིག་གྱུར་འཆར་འགོད་ཀྱིས་སྒྲིག་འགོད་བྱ་དགོས། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་འོག་གི་སྤྱི་ཁུལ་བཅོས་སྐྱོང་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་ཞིང་། སྤྱི་ཁུལ་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཁྲིམས་འབེབས་ཀྱི་གོ་རིམ་བརྒྱུད་དེ་གཞིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་པ་དང་། གྲོང་པའི་ཨུ་ལྷན་གཉིས་ཀྱི་འགོ་ཁྲིད་ཚོགས་པའི་གྲུབ་མི་བསྣོན་བརྗེ་འགན་བཞེས་བྱ་རྒྱུ་ཁྱོན་ཡོངས་ནས་ལག་ལེན་བྱས་ཏེ། མཐུན་སྦྱོར་མཉམ་འགུལ་གྱི་སྤྱི་ཁུལ་བཅོས་སྐྱོང་ཁོག་གཞི་ཆགས་པར་བྱ་དགོས།  སྤྱི་ཁུལ་ཏང་རྩ་འཛུགས་དང་གཞིས་པའི་ཨུ་ལྷན། ལས་སྒོའི་ཨུ་ལྷན། གཞིས་ལས་ཞབས་ཞུ་ཁེ་ལས་བཅས་བར་གྱི་འབྲེལ་བ་དབྱེ་གསེད་ཡག་པོ་བྱས་ཏེ། ཏང་རྩ་འཛུགས་ཀྱིས་གཞིས་པའི་གཞིས་ཁུལ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནང་སྲོལ་འཛུགས་དགོས། གྲོང་ཁྱེར་གྱི་སྤྱི་ཁུལ་གསར་བརྗེ་དམ་ཟབ་དང་ཁོར་ཡུག་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། སྤྱི་ཁུལ་ཞབས་ཞུའི་འདོན་སྤྲོད་མ་ལག་འཛུགས་སྐྱོང་མགྱོགས་པོར་བྱེད་ཅིང་། བཀོད་པ་ལུགས་མཐུན་དང་བྱེད་ནུས་ཆ་ཚང་བ། མཉམ་སྦྲེལ་མཉམ་མཐུད་བཅས་ཡིན་པའི་ཏང་ཚོགས་ཞབས་ཞུ་ལྟེ་གནས་སྒྲིག་འགོད་བྱེད་པ་དང་། སྤྱི་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་རྩིས་ཕྲ་དང་འགྱུར་ཚུལ་ལེགས་སྒྲིག་ནང་སྲོལ་བཙུགས་ནས། སྤྱི་ཁུལ་གྱི་སྤྱི་པའི་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏང་དགོས། གྲོང་ཁྱེར་པ་གསར་པའི་ཞབས་ཞུ་བདག་གཉེར་ནང་སྲོལ་འཛུགས་དགོས། སྤྱི་ཁུལ་གྱི་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན་དུ་སྐུལ་འདེད་ཤུགས་ཆེན་གཏོང་ཞིང་། ཞིང་ཆེན་ཡོངས་རྫོགས་གཅིག་གྱུར་ཡིན་པའི་དང་བླངས་པ་དང་ཞབས་ཞུ་བྱ་ཡུལ། ཞབས་ཞུའི་ལས་གཞི་བཅས་ཀྱི་དྲ་བའི་འབྲེལ་མཐུད་གཞི་སྟེགས་བཙུགས་ཏེ། སྤྱི་ཁུལ་གྱི་གཞིས་པའི་དགོས་མཁོ་དང་དང་བླངས་པའི་ཞབས་ཞུ་མཁོ་སྤྲོད་འབྲེལ་མཐུད་གོ་ཆོད་པོ་ཡོང་བར་བྱ་དགོས། སྤྱི་ཁུལ་གྱི་དྲ་བ་ཅན་གྱི་བདག་གཉེར་ཞབས་ཞུའི་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། མཉམ་འགུལ་ཆེན་པོ་དང་བཅོས་སྐྱོང་ཞིབ་ཕྲ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། དྲ་བ་ཅན་གྱི་བདག་གཉེར་སྟོབས་ཤུགས་སྡེབ་སྒྲིལ་ཡོང་བར་སྐུལ་འདེད་བཏང་སྟེ། ཁོངས་ཡོངས་ལ་ཁེབས་པ་དང་དྲྭ་ཡོངས་སྡེབ་སྒྲིལ། ཚད་མཐུན་ཆོད་ཆེ། འཁོར་སྐྱོད་རྒྱུན་ལྡན་བཅས་ཀྱི་དྲ་བ་ཅན་གྱི་བདག་གཉེར་ཞབས་ཞུ་མ་ལག་བསྐྲུན་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་འཛུགས་ཀྱི་སྣེ་ཁྲིད་ནུས་པ་དང་མང་ཚོགས་ཀྱི་རང་སྐྱོང་ནུས་པ། ཁྲིམས་སྐྱོང་གི་འགན་སྲུང་ནུས་པ། སྤྱོད་སྐྱོང་སློབ་འགུག་གི་ནུས་པ། སྤྱི་ཚོགས་སྤྱི་འདོམས་ནུས་པ། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ། གཞི་རིམ་དབང་ཆའི་ལྟ་སྐུལ་ནུས་པ་བཅས་ཇེ་ཆེར་གཏང་དགོས། གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་གི་སྒྲིག་འཛུགས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། འགོ་ཁྲིད་ནང་སྲོལ་དང་ལས་དོན་ནང་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཞིང་། མ་འཇོག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་སྟོན་གསར་འཛུགས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། བརྩོན་བསྐུལ་དང་འཆུན་འདོམས་ཀྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ཀྱི་ནང་གནས་སྒུལ་ཤུགས་གང་ལེགས་བསླང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་ལེན་བཅས་དམ་འཛིན་ཡག་པོ་བྱས་ནས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་ཚན་རིག་གི་སྙིང་དོན། ངོ་བོའི་ཁྱད་ཆོས། མཐུན་རྐྱེན་མངོན་གསལ། སྤྱིའི་བླང་བྱ། སྤྱིའི་དམིགས་ཚད། ལས་འགན་གཙོ་བོ། གཞི་རྩའི་ཁག་ཐེག་བཅས་ཁོང་དུ་ཡང་དག་པར་ཆུད་པ་དང་། རང་རེའི་ཞིང་ཆེན་གྱིས་གྲོང་ཡུལ་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ། གཞི་རྩའི་རྩ་དོན། ལས་འགན་གཙོ་བོ། རྩ་འཛུགས་འགན་སྲུང་བཅས་ཁོང་དུ་ཡང་དག་པར་ཆུད་པར་སྣེ་ཁྲིད་བྱས་ནས། བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གི་ཐོག་ལ་གཅིག་གྱུར་ཧུར་ཐག་ཡོང་བར་བྱ་དགོས། ལམ་ལུགས་ལག་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་གཏོད། ཡུལ་བབ་དང་བསྟུན་ཞིང་རིགས་བགོས་ནས་ཁྲིད་སྟོན་བྱེད་པ། ལམ་ལུགས་སྒྲིག་སྲོལ་སྲུང་ཞིང་གོམ་པ་རིམ་སྤོ་བྱེད་པ། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་ཞིང་ལྟ་སྐུལ་ནན་པོར་བྱེད་པ་བཅས་ལ་མཐོང་ཆེན་བྱེད་ཅིང་། ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ཐོག་འཁྱོལ་བ་དང་མཇུག་ཕན་འཐོབ་པར་སེམས་ཐག་གཙང་བཅད་ཀྱིས་སྐུལ་འདེད་གཏང་དགོས། ད་ལྟའི་ལས་དོན་ཁག་དམ་འཛིན་ནན་ཏིག་བྱས་ཏེ། ལོ་ཡོངས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་ཕུན་སུམ་ཚོགས་པའི་ངང་འགྲུབ་པར་ཁག་ཐེག་བྱ་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཨུ་དང་། སྲིད་གཞུང་། དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ཇེ་དྲག་གཏོང་བ་དང་། འགོ་ཁྲིད་ནས་ལམ་ལུགས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། ལམ་ལུགས་ལག་ལེན་བྱེད་པའི་དཔེ་སྟོན་མཁན་བྱས་ནས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་རང་རྟོགས་ཀྱིས་ལམ་ལུགས་ལ་བརྩི་སྲུང་བྱེད་པ་དང་ལམ་ལུགས་ལག་བསྟར་ནན་མོར་བྱེད་པ། ལམ་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་སྐུལ་ཁྲིད་བྱ་དགོས།

ཚང་འཛོམས་གྲོས་ཚོགས་ཐོག ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་ཞིང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བྱེད་པ་དང་། ཡིད་ཆེས་བརྟན་པོ་དང་ངེས་ཤུགས་སྲུང་འཛིན། ཞུམ་མེད་ཡར་བརྩོན། གསར་གཏོད་གསར་སྐྲུན་བཅས་བྱས་ཏེ། དུས་རབས་གསར་པའི་སི་ཁྲོན་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གནས་བབ་གསར་པ་སྐྲུན་ཤུགས་ཆེ་རུ་གཏོང་ཞིང་། ཞིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ལོ་བརྒྱ་ཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།།  

(ལྷ་འཛོམས་དང་སྐལ་ཐུབ། ཀུན་དགའ་བཅས་ཀྱིས་བསྒྱུར།)

  • ལེ་ཚན་སྔོན་མ།:རི་གྲོང་ནས་ཐོན་པའི་ལས་གཏོད་པ་ཨ་རིག
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།