སྒྲོལ་མ་སྐྱབས་ཀྱི་གླུ་གཞས་ལ་རོལ་མྱོང་བྱེད་སྟངས་ཤིག

མྱུག་ཆར།        2019-12-06

    སྤྱིར་གླུ་གཞས་སྒྱུ་རྩལ་གྱི་བརྩམས་ཆོས་གང་ཞིག་ཡིན་ན་ཡང་ཉན་པ་པོས་རོལ་མྱོང་བྱེད་པའི་ཚེ་ན་བུ་རམ་གྱི་རོ་བཞིན་བྲོ་བ་ཁྱད་དུ་འཕགས་པ་ཞིག་ཡོད་ཀྱང་།རང་གིས་གང་མྱངས་པའམ་མྱོང་བ་དེ་ཇི་མ་ཇི་བཞིན་གཞན་ལ་བརྗོད་ནུས་པའམ་ཚད་ཡོད་པའི་སྐད་ཆའི་གཏན་ཚིགས་ཀྱི་སྦྱོར་བ་ལ་བརྟེན་ནས་ཚད་མེད་པའི་དབང་བོའི་ལོངས་སྤྱོད་དུ་འགྱུར་རྒྱུ་ནི་ཅུང་དཀའ་ན་ཡང་།འདིར་རང་བློར་ཤིན་ཏུ་འབབ་པའི་གཞས་པ་གྲགས་ཅན་སྒྲོལ་མ་སྐྱབས་ཀྱི་གླུ་གཞས་བརྩམས་ཆོས་ལས་འཕྲོས་ཏེ་སྐད་ཆ་འགའ་བཤད་འདུན་བྱུང་སོང་།

    གླུ་བ་ཁོང་གི་བཤད་པ་བཞིན་གླུ་གཞས་ཀྱི་ཚེ་སྲོག་ནི་མ་ལག་ཆེ་ཤོས་བཞི་ལ་བརྟེན་ནས་འགྲུབ་པར་འདོད་དེ།དེ་ནི་ཚིག་དབྱངས་ངག་གསུམ་དང་ཕྱིས་ཀྱི་རོལ་མོ་སྒྲིག་བཟོ་ཡི་ཐབས་ལམ་དང་ལག་རྩལ་སོགས་ལ་བརྟེན་ནས་ད་གཟོད་བརྩམས་ཆོས་རང་སྟེང་གི་ཕྱིའི་ཉམས་དང་ནང་གི་དོན་ཆ་ཚང་ཞིག་སྟོན་ཐུབ་པར་སེམས།དེ་བཞིན་གླུ་བ་ཁོང་གི་གླུ་གཞས་བརྩམས་ཆོས《གངས་ཅན་པ》དང་《ཁ་བའི་མེ་ཏོག》《བོད་མི།》《རྒྱང་རིང་གི་མཛའ་མོ》《མཐིང་སྨུག་སྦྲ་ཆུང་།》《རྨི་ལམ་ནང་གི་རྟ་ཕོ།》སོགས་ཀྱིས་མཚོན་པའི་བརྩམས་ཆོས་མང་པོ་ཞིག་ནི་ཚིག་གི་ཕྲེང་བ་ལས་འཕྲོས་པའི་དོན་གྱི་ཟབ་ཚད་གནད་དུ་འཁེལ་ཞིང་སྤྱི་ཚོགས་ཀྱི་ངོ་བོ་དང་མི་རིགས་ཀྱི་འདུ་ཤེས།ཡུལ་སྲོལ་གོམས་གཤིས།ཁོར་ཡུག་སྲུང་སྐྱོབ།རྒན་བཀུར་བྱིས་སྐྱོང་གི་གནས་ལུགས་སོགས་ཞར་ཞོར་གྱིས་ངེས་ཤེས་རྙེད་དུ་འཇུག་ཐུབ་པར་མ་ཟད།སྐབས་རེར་རྣམ་ཤེས་ཀྱི་རྟ་རྒོད་སྒྲོག་གིས་མ་བཅུན་པར་སྤོབས་སེམས་ཀྱི་སྙིང་དྲག་ཏུ་ལྡིང་བ།ལན་རེར་བརྩེ་གདུང་གི་ཤུགས་རིང་ཡང་རང་དབང་མེད་པར་ཤོར་བའི་ཚུལ་ཡང་ཡོད་པ་རེད།ལྷག་དོན་གངས་ཅན་པ་སྒྲོལ་མ་སྐྱབས་ཀྱི་ངག་དང་ཨ་ཁུ་སྨན་བླ་སོགས་དགེ་རྒན་རྣམས་ཀྱི་ཚིག་གཉིས་ཐོད་ཐུག་པ།དོ་མཉམ་པ་གཞིར་བཅས་རོལ་མོ་དང་དབྱངས་ཀྱི་འདེགས་འཇོག་གསལ་བ།སྒྲ་དྭངས་པ་སོགས་ཀྱིས་ཉན་པ་པོའི་ཡིད་དབང་དབང་མེད་དུ་འཕྲོག་པ་ཞིག་རེད།དེ་བཞིན་གཞས་པ་ཞིག་ཡིན་ཕྱིན་ཚད་མཐོའི་རིག་གནས་སམ་རིག་པའི་བློ་གྲོས་ཀྱི་བཅུད་འདུས་པའི་སྒྱུ་རྩལ་འདི་ལ་ངེས་ཤེས་ཤིག་ཡོད་དགོས་ཚེ།མངའ་རིས་སྒྲ་སྙན་སོགས་བདུང་ཙམ་ཤེས་པ་དང་།དབྱངས་རིམ“ཏྭོ་རྭེ་མིས་ཧྥ་སྭོ་ལྭ་ཤིས”སོགས་བློར་འགྲོ་བ་ཙམ་གྱིས་མི་ཆོག་པར།རོལ་ཆ་དང་རོལ་མོ།གདངས་དང་ཚིག་སོགས་སེམས་དང་སེམས་བྱུང་གི་ཟིན་པར་བྱ་རྒྱུ་ནི་གལ་ཆེ་བོ་རེད་འདོད།

    ད་རེབ་ཀྱི་གཞས་ཚིག་མང་ཆེ་ཤོས་ནི་རྡོ་ཆག་བཙན་སྒྲིག་གི་དཔེ་བཞིན་ཚིག་གི་སྡེབ་མི་ལེགས་པ།དུས་ཀྱི་གཏམ་གྱིས་མ་ཟིན་པ།དབྱངས་འགྲོས་དང་མི་མཐུན་པ།བརྩེ་དུང་མེད་པ།གསོན་ཉམས་མེད་པ།བསྐྱར་ཟློས་མང་བ་སོགས་སྐྱོན་ཆ་མང་པོས་གྲུབ་ཡོད་པས་ཉན་ན་སེམས་ལ་མི་འབབ་པ་ཞིག་རེད།དབྱངས་དང་རོལ་མོ་སོགས་ཀྱང་གཞུང་ལུགས་དང་ཚད་ལྡན་ཅན་ལ་ཁ་ཕྱོགས་མེད་པས།གླུ་བརྒྱ་ལ་གདངས་གཅིག་གི་དཔེ་བཞིན་དགའ་བ་ཡོད་པས་སྐྱོ་བའི་རོ་ཉམས་ཤེས།ཆགས་པ་ཡོད་པས་སྡང་བའི་ན་ཟུག་མྱོང་།སྡུག་བསྔལ་ཡོད་པས་བདེ་བའི་བྲོ་བ་ཚོར་བ་ལྟ་བུ་སོགས་ཡོད་ཚད་སྐྱོ་བ་གཅིག་པོར་ཁས་འཆེས་པ་ནི་གླུ་གཞས་སྒྱུ་རྩལ་གྱིས་ངོས་ནས་གྱོང་གུད་ཅིག་ཅི་ལ་མིན།དེ་ལས་ཀྱང་གླུ་གཞས་ནི་མི་དང་མིའི་བར་གྱི་བརྩེ་དུང་གི་ཚོར་འདུ་གྱེར་བ་འམ་དགའ་སྟོན་དང་དུས་སྟོན་སོགས་ཀྱི་སྤྱོད་ཡུལ་དང་།གངས་རི་དང་རྩྭ་ཐང་སོགས་ལ་བསྟོད་བསྔགས་འབུལ་བྱེད་ཁོ་ན་མིན་པར་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ཀྱི་གནས་ལུགས་ལས་འགྲེང་སྟེ་སྤྱི་ཚོགས་ཀྱི་ཟ་ཟུར་གང་སར་འབབ་དགོས་པ་ཞིག་ཡིན་ཕྱིན་གཞས་པ་དག་གིས་དེ་ལ་གཙིགས་ཆེར་བྱ་རྒྱུ་ནི་གལ་ཆེ་བ་ཞིག་རེད།ང་ཚོའི་རྡུང་ལེན་པ་དང་སྒྱུ་རྩལ་པ།གཞས་པ་གཞས་མ་སུ་ཡིན་རུང་ཆེད་ལས་ཅན་རེ་གཉིས་ལས་མེད་པ་འམ་ཡོད་པ་དག་གིས་ཀྱང་ཡུལ་སྲོལ་དང་དམངས་སྲོལ།དེ་མིན་སྲོལ་རྒྱུན་གྱི་རོལ་ཆ་སོགས་ལ་བྱང་ཆ་ཅི་ཡང་མེད་པས་མིང་སྟོང་ཙམ་མོ།།ང་རང་གི་ངོས་ནས་བལྟས་ན།གླུ་གཞས་སྒྱུ་རྩལ་འདི་ཉིད་གོང་འཕེལ་དུ་ཕྱིན་དགོས་ན་ཀུན་གྱིས་རིག་གནས་ལ་སྦྱང་དགོས་པར་མ་ཟད། གླུ་གཞས་སྒྱུ་རྩལ་གྱི་གཞུང་ལུགས་ལ་ཡང་ངེས་ཤེས་ཅུང་ཟད་ངེས་པར་དུ་ཡོད་དགོས་སྙམ།དེ་ལྟར་མིན་ཚེ་དགའ་དགོས་སར་སྐྱོ་ཉམས་དང་།སྐྱོ་དགོས་སར་དགའ་ཉམས་སྟོན་པ་སོགས་ནི་ང་ཚོས་གར་སྟེགས་སོགས་ཀྱི་སྟེང་ནས་མཐོང་མྱོང་བ་དེ་བཞིན་ནོ།།

    གངས་ཅན་པ་སྒྲོལ་མ་སྐྱབས་ནི་སྐད་ངག་དང་ཚིག ཕྱིའི་ཉམས་སོགས་གང་ཅིའི་ཐད་ནས་གོང་གི་གླུ་བ་དག་དང་བསྡུར་ན་གཟེངས་སུ་ཐོན་ཡོད་པའི་སླད་མར་ཡང་ཁོ་རང་གི་ངག་ནས་དེ་མཚུངས་ཀྱི་གླུ་གཞས་བརྩམས་ཆོས་མང་པོ་ཞིག་བྱུང་བའི་སྨོན་འདུན་དང་ལྷན་བོད་ཀྱི་གླུ་བ་གླུ་མ་ཚོས་མགྱོགས་འཕྲིན་གྱི་ནང་ནས་ཧ་ཧ་ཧོ་ཧོ་སོགས་རྐྱང་སྟུག་རུལ་དྲི་འཐུལ་བ་རེ་གཡུག་ནས་མི་འདུག་པར་རྒྱུ་དང་སྙན་གྲགས་ལ་དང་དོད་དེ་འདྲ་མི་བྱེད་པ་དང་།རིག་གནས་སྤྱི་དང་སྒོས་སུ་གླུ་གཞས་སྒྱུ་རྩལ་གྱི་གཞུང་ལུགས་ལ་མང་ཙམ་བལྟ་རྒྱུ་ནི་རེ་བ་ཡིན་ནོ།།

  • ལེ་ཚན་སྔོན་མ།:གངས།
  • ལེ་ཚན་རྗེས་མ།:སྟོང་བསམ་ངོ་གཉིས་མ།