རང་ཁུལ་གྱིས་རིག་གནས་དང་ལུས་རྩལ་ཡུལ་སྐོར་བྱེད་སྒོ་གལ་ཆེན་སྤེལ་བའི་ཕྱོགས་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2016-12-27

ལིའུ་ཁྲེང་མིང་ཚོགས་འདུའི་ནང་ཞུགས་པར་མ་ཟད་གསུང་བཤད་གནང་ཞིང་། ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས།

      ཟླ་བ12པའི་ཚེས20ཉིན་གྱི་ཕྱི་དྲོར།  རང་ཁུལ་གྱི2016ལོའི་རིག་གནས་ལུས་རྩལ་ཡུལ་སྐོར་གལ་ཆེན་བྱེད་སྒོའི་ཕྱོགས་བསྡོམས་དང་གཟེངས་བསྟོད་ཚོགས་འདུ་དེ་དར་མདོར་འཚོགས་པ་རེད།  ཚོགས་ཐོག་རང་ཁུལ་གྱིས་སི་ཁྲོན་དཀར་མཛེས་ཀྱི་སྐབས་དང་པོའི་རི་ཀླུང་ཡུལ་སྐོར་དུས་ཆེན་དང་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན།  སྐབས་བདུན་པའི་ཀྲུང་གོའི་དར་མདོ་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་དུས་ཆེན་བཅས་ཀྱི་གལ་ཆེན་རིག་གནས་དང་ལུས་རྩལ་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་ཕྱོགས་བསྡོམས་བྱས་པར་མ་ཟད།  བྱེད་སྒོའི་ནང་གི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།

      ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཞའོ་ཡིའུ་ཚའེ་ཡིས་ཚོགས་འདུའི་གཙོ་འགན་བཞེས་པ་རེད། ཁུལ་རིམ་པའི་འགོ་ཁྲིད་ལི་ཁང་དང་བྱང་ཆུབ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

      ལིའུ་ཁྲེང་མིང་གིས་ཁུལ་འགོ་ཁྲིད་ཚོགས་པའི་ཚབ་བྱས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཐོག  ཁོང་གིས་ད་ལོ་ནས་བཟུང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།  ཞིང་ཆེན་སྲིད་གཞུང་གིས་སྟོབས་ལྡན་གྱི་འགོ་ཁྲིད་བྱས་འོག་དང་སྤྱི་ཚོགས་ལས་རིགས་ཁག་གི་རྒྱབ་སྐྱོར་ཤུགས་ཆེན།  ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱིས་ཐུན་མོང་གིས་འབད་བརྩོན་བྱས་འོག་རང་ཁུལ་གྱིས་བདེ་བླག་ངང་སི་ཁྲོན་དཀར་མཛེས་ཀྱི་སྐབས་དང་པོའི་རི་ཀླུང་ཡུལ་སྐོར་དུས་ཆེན་དང་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན།  སྐབས་བདུན་པའི་ཀྲུང་གོའི་དར་མདོ་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་དུས་ཆེན་བཅས་གལ་ཆེན་གྱི་རིག་གནས་དང་ལུས་རྩལ་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས།  ཁམས་པའི་རིག་གནས་དང་དཀར་མཛེས་ཁུལ་གྱི་ཁྱད་འཕགས་ཐོན་ཁུངས། གནས་མཆོག་དཀར་མཛེས་ཀྱི་སྐད་གྲགས་ཆོད་ཚད་ཧ་ཅང་ཆེ་རུ་ཕྱིན་པས།  སྔོན་དཔག་གི་ཕན་འབྲས་ཧ་ལམ་གྲུབ་ཡོད།  དཀར་མཛེས་ཀྱི་གཟུགས་བརྙན་ལེགས་པོ་ཕྱིར་སྟོན་བྱེད་ཤུགས་ཆེ་རུ་སོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས། ལས་བྱེད་པའི་དཔུང་སྡེར་སྦྱོང་བརྡར་ནུས་ལྡན་བཅས་ཀྱི་ཐད་ལ་སྐུལ་འདེད་ཤུགས་ཆེན་ཕྱིན་ཡོད།  རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་ལ་བརྟག་བཤེར་བྱས་ཏེ་སྤྱི་ཚོགས་ལས་རིགས་ཁག་གི་དགའ་བསུ་ཐོབ་ཡོད་བཅས་གསུངས་པ་རེད།

      ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། རིག་གནས་དང་ལུས་རྩལ་ཡུལ་སྐོར་གལ་ཆེན་གྱི་བྱེད་སྒོ་སྤེལ་ནས་རང་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུ་དང་། དབུལ་ཐར་འགག་སྒྲོལ།  འཆམ་མཐུན་བརྟན་བརླིང་སྲུང་སྐྱོང་བྱ་རྒྱུ་བཅས་ཀྱི་ཐད་ལ་སྐུལ་རོགས་བྱས་ཤིང་།  ང་ཚོས་དམིགས་ཡུལ་གཅིག་དང་གནད་འགག་གཉིས།  དོན་ཆེན་གསུམ།  འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་ལ་དམིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་མཐུན་ཆ་གཅིག་འདུས།  མཐོང་རྒྱ་ཆེ་རུ་གཏོང་བ།  བསམ་ཕྱོགས་ཡངས་འབྱེད།  བྱ་ཐབས་ཤུགས་ཆེ་རུ་བཏང་བ་དང་ཁོངས་གཏོགས་ཀྱི་ལས་ཀའི་བསམ་གཞིགས་དང་ཁྲིམས་སྐྱོང་གི་ལས་ཀ་སྒྲུབ་ཐབས།  མི་གཤིས་ཅན་གྱི་ཐུགས་ཁུར་བཅས་ལ་བརྟེན་ནས་ལས་དོན་ཁག་སྐུལ་འདེད་བཏང་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་དགོས་པ་རེད།

      ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན།  གལ་ཆེན་བྱེད་སྒོ་སྤེལ་རྒྱུ་དེ་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱེད་པའི་ལས་སྟེགས་ཞིག་ཡིན་ལ།  རྗེས་མར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཉམས་མྱོང་ཕྱོགས་བསྡོམས་དང་མི་འདང་ས་ཁ་སྣོན་བྱེད་ཅིང་། གཅིག་ནི་དུས་སྟོན་བྱེད་སྒོའི་ཆུ་ཚད་མཐོ་རུ་བཏང་ནས་ཆུ་ཚད་མཐོན་པོའི་བྱེད་སྒོ་སྤེལ་བར་བརྒྱུད་དཀར་མཛེས་ཀྱི་ཁྱད་འཕགས་ཐོན་ཁུངས་ངོ་སྤྲོད་བྱ་དགོས། གཉིས་ནི་དུས་སྟོན་བྱེད་སྒོའི་བྱ་ཐབས་གསར་གཏོད་བྱས་ནས་དུས་སྟོན་བསམ་ཕྱོགས་རྒྱ་སྐྱེད་གཏོང་བ་དང་ཕྱིའི་སྟོབས་ཤུགས་བེད་སྤྱོད་བྱས་ནས་དུས་སྟོན་ལས་དོན་ཡག་པོ་སྒྲུབ་ཅིང་ཁོར་ཡུག་ལེགས་པོ་བསྐྲུན་དགོས། གསུམ་ནི་ཕན་འབྲས་ལ་བརྟེན་ནས་དུས་སྟོན་གྱི་བྱེད་སྒོ་ཡག་པོ་སྤེལ་དགོས།  རིག་གནས་བྱེད་སྒོར་བརྟེན་ནས་དཔལ་འབྱོར་གོང་འཕེལ་ཡོང་ཐུབ་པར་མངོན་འགྱུར་བྱ་དགོས།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ཨུ﹙རྒྱས་འཛོམས﹚གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཏེ། ད་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་གསན།
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་ཆོད་དོན།
  • དོ་སྣང་ཆེ་བའི་རྩོམ།